ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་དུ་འཕུར་མདའ་གཏོང་འཕེན་བྱས།
2023.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། དབྱི་སི་རལ་ལ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་བྱས་ནས། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་བར་འཁོན་ལན་སློག་རྒྱུ་ཡིན་ཟེར།

ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པའི་མགྲིན་ཚབ་པ་སཱ་ལི་ཨ་ཡིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཧུའུ་སེ་དྲག་ཆས་པས་ཉིན་དེར་དགྲ་བོའི་ཕྱོགས་སུ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་མང་བོ་གཏོང་འཕེན་བྱས་པ་དང་། དེ་ནི་ཕཱ་ལེ་སི་ཐན་ལ་རྒྱབ་སྐྱོར་བྱེད་ཆེད་སྤེལ་བའི་དབྱི་སི་རལ་ལ་དམིགས་པའི་དམག་དོན་འགུལ་སྐྱོད་ཐེངས་གསུམ་པ་ཡིན་ཟེར། སཱ་ལི་ཨ་ཡིས་བཤད་རྒྱུར། ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་གྱིས་བཙན་འཛུལ་བྱེད་མཚམས་འཇོག་རག་བར་དུ་མུ་མཐུད་དུ་འཕུར་མདའ་དང་མི་བསྡད་མེད་པའི་གནམ་གྲུ་བེད་སྤྱད་དེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།