ཀྲུང་གོ་དང་དབྱི་ལིང་གི་རིག་གནས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་ཉེ་སྔོན་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་ནས་བསྡུས། ཀྲུང་གོའི་རིག་གནས་དང་ཡུལ་སྐོར་པུའུ་ཡི་པུའུ་ཀྲང་གཞོན་པ་ལུའུ་དབྱིན་ཁྲོན་དང་། དབྱི་ལིང་གི་རིག་གནས་དང་དབྱི་སི་ལན་འབྲེལ་གཏུག་རྩ་འཛུགས་ཀྱི་ཀྲུའུ་ཞི་དབྱེ་མན་ནེ་ཕུའུ་ཨར། ཀྲུའུ་ཞི་གཞོན་པ་ལུའུ་ཙི་པེད། རྒྱལ་ཁབ་གཉིས་ཀྱི་རིག་གནས་ཤུལ་བཞག་དང་གློག་བརྙན་སོགས་ཁྱབ་ཁོངས་ཀྱི་གཙོ་གཉེར་སྡེ་ཁག་གི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།
ཕྱོགས་གཉིས་ཀྱིས་རིག་གནས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཚུན་གྱི་རྒྱལ་ཁབ་གཉིས་ཀྱི་མི་གཞུང་ཁྱབ་ཁོངས་ཀྱི་མཉམ་ལས་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མུ་མཐུད་དུ་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། གྲོས་མོལ་བྱས་རྗེས་ལུའུ་དབྱིན་ཁྲོན་དང་དབྱེ་མན་ནེ་ཕུའུ་ཨར་གཉིས་ཀྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་ཉིས་སྟོང་ཉེར་བཞི་ལོ་ནས་ཉིས་སྟོང་ཉེར་བདུན་ལོའི་བར་གྱི་རིག་གནས་དང་སློབ་གསོའི་བརྗེ་རེས་ལག་བསྟར་འཆར་གཞི་བཀོད་པ་དང་། ལུའུ་ཙི་པེད་དང་མཉམ་དུ་གྲོས་ཚོགས་ཀྱི་ནང་དོན་གནད་བསྡུས་བཀོད།
དབྱི་ལིང་དུ་འཚམས་འདྲི་བྱེད་སྐབས། ལུའུ་དབྱིན་ཁྲོན་གྱིས་དབྱི་ལིང་གི་རིག་གནས་དང་དབྱི་སི་ལན་མཛུབ་སྟོན་པུའུ་ཡི་པུའུ་ཀྲང་དབྱེ་སི་མཱ་དབྱེ་ལེ་ལ་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱིས་འཛམ་གླིང་ཡོངས་ཀྱི་དཔལ་ཡོན་གྲོས་འདོན་ལག་བསྟར་བྱེད་པ་དང་། ཀྲུང་གོ་དང་དབྱི་ལིང་གི་རིག་གནས་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས། དེ་ལས་གཞན་ལུའུ་དབྱིན་ཁྲོན་གྱིས་ད་རུང་དབྱི་ལིང་གི་རིག་གནས་ཤུལ་བཞག་དང་གནས་སྐོར། ལག་ཤེས་བཟོ་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་ཧྲ་ལེ་པཱ་ཧྥེ་དབྱང་དང་མཉམ་དུ་ཀྲུང་གོ་དང་དབྱི་ལིང་གི་གནས་སྐོར་མཉམ་ལས་ཆེད་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། དབྱི་ལིང་གི་གནས་སྐོར་ལས་རིགས་ཀྱི་འཐུས་མི་དང་མཉམ་དུ་ཕྱོགས་གཉིས་ཀྱི་གནས་སྐོར་མཉམ་ལས་ལ་གྲོས་བསྡུར་ཟབ་མོ་བྱས་པར་མ་ཟད། གྲོས་ཚོགས་ཀྱི་ནང་དོན་གནད་བསྡུས་བཀོད།
བསོད་ནམས་ཚེ་རིང་གིས་བསྒྱུར།