སི་ཕཱ་དབྱེ་ཆི་ཡིས་ཧེ་ཧྲན་གྱི་ཙུང་ལིའི་འགན་ཁུར་།
2023.11.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཧེ་ཧྲན་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཁང་གིས་ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་རྒྱལ་ས་པའོ་ཏི་ཀི་ལི་ཁྲ་ནས་འདེམ་ཤོག་འཕངས་ཏེ་ཧེ་ཧྲན་གྱི་སྐབས་གསར་བའི་སྲིད་གཞུང་གི་མིང་ཐོར་གྲོས་མཐུན་བཀོད་པ་དང་། ད་ལྟའི་ཡོ་རོབ་གླིང་ཞེས་པའི་འགུལ་སྐྱོད་ཏང་གི་མགོ་ཁྲིད་པ་སི་ཕཱ་དབྱེ་ཆི་ཡིས་ཙུང་ལིའི་འགན་ཁུར། ཁོས་དེའི་རྗེས་སུ་དམ་བཅའ་བཞག་སྟེ་ལས་འགན་ཁུར་བ་རེད།

ཧེ་ཧྲན་གྱི་སྐབས་འདིའི་སྲིད་གཞུང་ལ་བསྡོམས་པས་ཙུང་ལི་གཞོན་པ་ལྔ་དང་པུའུ་ཀྲང་བཅུ་དགུ་ཡོད། གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོ་ད་ལྟའི་ཡོ་རོབ་གླིང་ཞེས་པའི་འགུལ་སྐྱོད་ཏང་དང་དམངས་གཙོའི་ཧེ་ཧྲན་ཏང་། སྤྱི་ཚོགས་རིང་ལུགས་མི་དམངས་ཏང་། གྲངས་ཉུང་མི་རིགས་ཀྱི་ཏང་ཁག་འགའ་བཅས་ཀྱིས་མཉམ་འབྲེལ་བྱས་ནས་བཙུགས་ཡོད།

སི་ཕཱ་དབྱེ་ཆི་ཡིས་གྲོས་ཁང་ནས་སྲིད་འཛིན་རྩ་གནད་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར། སྐབས་གསར་བའི་སྲིད་གཞུང་གིས་མུ་མཐུད་དུ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འཕེལ་རིམ་རྒྱུན་འཁྱོངས་བྱེད་རྒྱུ་མ་ཟད། ཧེ་ཧྲན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཞོར་དུ། ཁྱིམ་མཚེས་རྒྱལ་ཁབ་བར་གྱི་འབྲེལ་བ་བཟང་བོ་སྲུང་འཛིན་བྱེད་པ་དང་། རྒྱལ་སྤྱིའི་ཕྱོགས་མང་རྩ་འཛུགས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།

ཧེ་ཧྲན་སྲིད་གཞུང་གི་དྲ་ཚིགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། སི་ཕཱ་དབྱེ་ཆི་ནི་ཧེ་ཧྲན་བྱང་ཕྱོགས་ཀྱི་ཕུའུ་ལེ་ཧྥུའུ་ལེ་ཡཱ་གྲོང་ཁྱེར་དུ་སྐྱེས་པ་ཡིན་ལ། ད་ལོར་ལོ་སོ་ལྔ་ཡིན་པ་དང་། ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་གཉིས་ལོའི་བར་ཧྲ་ཧྲན་གྱི་ནོར་སྲིད་པུའུ་ཀྲང་གི་འགན་ཁུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།