མའོ་ཞི་ཁོའི་སྲིད་གཞུང་གིས་ཨོ་ཏིས་སི་དྲག་རླུང་གི་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་འཆར་གཞི་ཁྱབ་བསྒྲགས་བྱས།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

མའོ་ཞི་ཁོའི་ཙུང་ཐུང་ལོ་ཕའེ་སི་ཡིས་ཟླ11པའི་ཚེས1ཉིན་ཨོ་ཏིས་སི་དྲག་རླུང་གི་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་པ་དང་། མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པར་རོགས་རམ་བྱེད་རྒྱུ་རེད།

ལོ་ཕའེ་སི་ཡིས་ཉིན་དེར་རྒྱལ་ས་མའོ་ཞི་ཁོ་མཁར་གྱི་རྒྱལ་ཁབ་ཕོ་བྲང་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཆར་གཞི་དེར་འགུལ་སྐྱོད་བྱེད་ཐབས་སྣ་ཉི་ཤུ་འདུས་ཡོད་པ་དང་། གཙོ་བོ་གནོད་ཐེབས་ཚབས་ཆེ་བའི་ཀི་ལོས་ལོ་མངའ་སྡེའི་ཨ་ཁཱ་ཕུའུ་ཨར་ཁི་དང་ཁི་ཡུག་ཁཱ་ཏི་པེ་ནེ་ཐི་སི་ས་ཁུལ་ལ་དམིགས་ཡོད། མའོ་ཞི་ཁོའི་སྲིད་གཞུང་གིས་མའོ་ཞི་ཁོའི་སྒོར་མོ་ཐེར་ཆེན་དྲུག་དང་ཐེར་འབུམ་གཅིག་དུང་ཕྱུར་གསུམ་ལྷག་འདོན་སྤྲོད་བྱས་ནས་ཐོན་ཁུངས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། རྒན་པ་དང་དབང་བོ་སྐྱོན་ཅན། ཞིང་བ་མང་ཚོགས་བཅས་ཀྱི་སྤྱི་ཚོགས་ཕན་བདེ་ལ་ཤུགས་སྣོན་བྱེད་པ་དང་། ཁྱིམ་ཚང་བསྐྱར་འཛུགས་ཀྱི་བསྐྱིས་དངུལ་གཟིགས་སྐྱོང་འདོན་སྤྲོད་བྱེད་པ། གནོད་ཐེབས་ས་ཁུལ་གྱི་གཞུང་ལམ་སླར་གསོ་བྱེད་པ། ཁྱིམ་ཚང་གི་མཁོ་དངོས་མཁོ་འདོན་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་རེད།

ཀི་ལོས་ལོ་མངའ་སྡེའི་མགོ་བ་སཱ་ཨར་ཅཱ་ཏའོ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨོ་ཏིས་སི་ཞེས་པའི་དྲག་རླུང་གི་གནོད་འཚེ་ལས་མི་ཞེ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་ང་བརྒྱད་གར་སོང་རྙེད་མེད་ཟེར། མའོ་ཞི་ཁོའི་བདེ་འཇགས་པུའུ་ཡིས་ཟླ་བཅུ་བའི་ཚེས་ཉེར་དགུ་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ཏིས་སི་དྲག་རླུང་ལས་མི་ཞེ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཟླ10པའི་ཚེས25ཉིན། ཨོ་ཏིས་སི་ཞེས་པའི་དྲག་རླུང་མའོ་ཞི་ཁོའི་ལྷོ་ཕྱོགས་ཀྱི་ཞི་བདེ་རྒྱ་མཚོའི་འགྲམ་བརྒྱུད་ནས་སྐམ་སར་བུད་པ་དང་། ཨ་ཁཱ་ཕུའུ་ཨར་ཁི་སོགས་ས་ཁུལ་དུ་གཏོར་བརླག་ཚབས་ཆེན་བཟོས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།