ཟླ་10ཚེས31ཉིན་ནི་འཛམ་གླིང་གྲོང་ཁྱེར་ཉིན་མོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་དོན་དེའི་ཐད་ནས་ཞུ་ཚིག་འབུལ་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ནས་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་བརྗོད་དོན་དེ་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ཆེད་དངུལ་གསོག་བྱེད་དགོས་ཞེས་པ་དེ་ཡིན། ཀུའུ་ཐི་ལོས་སི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། གྲོང་ཁྱེར་ནི་དཔལ་འབྱོར་འཕར་སྣོན་དང་གསར་གཏོད་ཀྱི་སྒུལ་འཁོར་ལྟ་བུ་ཡིན་ལ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དང་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་ཡིན་ཟེར། ཁོས་བསྟན་དོན། འཛམ་གླིང་རིམ་པའི་འདྲ་མཉམ་གྱི་དངུལ་ལོར་ཐག་གཅོད་ཇུས་གཞི་བཏོན་ནས། ནམ་ཟླ་བཟང་ཞིང་། དཀྱེལ་ཡངས་དང་འདྲ་མཉམ་གྱི་ས་གནས་དངུལ་གསོག་འཐབ་ཇུས་ལ་ཤུགས་སྣོན་དགོས་ཟེར།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ལས་དོན་ཁང་གི་ལག་བསྟར་ཀྲུའུ་རིན་ཞེ་ལི་ཧྥུའུ་ཡིས་ཞུ་ཚིག་འབུལ་སྐབས་དངུལ་གསོག་སྒྲོམ་གཞི་གསར་བ་བཙུགས་ནས་འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་། གྲོང་ཁྱེར་དང་མིའི་རིགས་ཀྱི་སྡོད་གནས་ནི་ང་ཚོའི་རེ་བ་ཡིན་ལ། ང་ཚོས་དེ་ལས་བྱུང་བའི་གོ་སྐབས་སྔོག་འདོན་བྱས་ཏེ་འཕེལ་རྒྱས་དང་སླར་གསོ་འབྱུང་བར་ཆ་རྐྱེན་བསྐྲུན་ཆོག ང་ཚོར་རྒྱུན་མཐུད་འཕེལ་རྒྱས་ཐུབ་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་དངུལ་གསོག་སྒྲོམ་གཞི་ཞིག་མཁོ་བར་མ་ཟད། སྤྱིའི་འཆར་འགོད་ཐད་མ་དངུལ་གཏོང་དགོས་ཟེར།
ཉིས་སྟོང་བཅུ་གསུམ་ལོའི་ཟླ12པར། སྐབས་རེ་བརྒྱད་པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་གྲོས་ཆོད་བཀོད་དེ། ཉིས་སྟོང་ཉེར་བཞི་ལོ་ནས་བཟུང་ལོ་རེའི་ཟླ10པའི་ཚེས31ཉིན་དེར་འཛམ་གླིང་གྲོང་ཁྱེར་ཉིན་མོར་གཏན་འཁེལ་བྱས། དེ་ནི་ཀྲུང་གོའི་སྲིད་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་རམ་འདེགས་བྱས་ནས་བཙུགས་པའི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།