ཅཱ་ཧྲ་ས་ཁུལ་གྱི་རྨས་མ་སྐོར་ཁག་དང་པོ་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཨེ་ཅིབ་ཏུ་བསྐྱལ།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨེ་ཅིབ་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས་གཅིག་ཉིན་བཤད་རྒྱུར། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་གྱི་ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་རྨས་མ་སྐོར་ཁག་དང་པོ་ཉིན་དེར་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཨེ་ཅིབ་ཏུ་བསྐྱལ་ཡོད་ཟེར།

མིང་བཤད་མི་འདོད་པའི་གནས་ཚུལ་ཤེས་མཁན་དེས་ཁ་པར་བརྒྱུད་དེ་གསར་འགོད་པར་བཤད་རྒྱུར། ཉིན་དེར་ཨེ་ཅིབ་ཏུ་བསྐྱལ་བའི་སྐོར་ཁག་དང་པོའི་རྨས་མར་བསྡོམས་པས་མི་གྱ་གཅིག་ཡོད་པ་དང་། དེའི་ནང་མི་ལྔ་ཨེ་ཅིབ་ཞི་ནེ་བྱང་མ་ཞིང་ཆེན་གྱི་ཨ་ལི་ཧྲི་གྲོང་ཁྱེར་གྱི་སྨན་ཁང་དུ་བསྐྱལ་ཡོད་ཟེར། ཁོས་བཤད་རྒྱུར། ཕྱི་རྒྱལ་གྱི་ལམ་ཡིག་ཡོད་པའི་མི་ལྔ་བརྒྱ་ཙམ་ཡང་ཨེ་ཅིབ་ཏུ་ཡོང་ཡོད་ཟེར།

ཁོས་བཤད་རྒྱུར། ཚེས་གཅིག་ཉིན་གྱི་ཞོགས་པར། མྱུར་སྐྱོབ་རླངས་འཁོར་བཞི་བཅུ་ལཱ་ཧྥ་རྒྱུ་ལམ་གྱི་ཨེ་ཅིབ་ཕྱོགས་ནས་ལམ་ལ་ཆས་ཏེ་ཅཱ་ཧྲ་ས་ཁུལ་གྱི་རྨས་སྐྱོན་ཐེབས་པའི་མང་ཚོགས་སྐྱེལ་ལེན་བྱས། དེའི་ཞོར་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་སྐྱེལ་རླངས་འཁོར་བདུན་ཅུ་ཙམ་ཡང་ཚེས་གཅིག་ཉིན་གྱི་ཞོགས་པར་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སོང་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འབྲེལ་ཡོད་མི་སྣས་ཀྱང་གསར་འགོད་པར་བདེན་དཔང་བྱས་དོན། ཉིན་དེར་ཧ་ལམ་རྨས་མ་བརྒྱད་ཅུ་ལྷག་ཨེ་ཅིབ་ཏུ་བསྐྱལ་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། ཨེ་ཅིབ་དཔོན་ཕྱོགས་ཀྱིས་ཞི་ནཱ་བྱང་མ་ཞིང་ཆེན་གྱི་ཨ་ལི་ཧྲི་གྲོང་ཁྱེར་སོགས་ས་ཁུལ་གྱི་ས་ཁོངས་གསུམ་རྨས་མའི་ཁྱིམ་མི་སྣེ་ལེན་བྱེད་སར་གཏན་འཁེལ་བྱས་ཡོད་པ་དང་། གནས་དེ་དང་ཁེ་རོའི་སྨན་ཁང་བརྒྱད་ཀྱིས་རྨས་མ་མྱུར་སྐྱོབ་བྱེད་པར་གྲ་སྒྲིག་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།