མིས་བཟོས་རིག་ནུས་ཀྱི་བདེ་འཇགས་མཐོ་རིམ་གྲོས་ཚོགས་ཐོག་མ་དབྱིན་ཇི་ནས་བསྡུས།
2023.11.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

འཛམ་གླིང་ཡོངས་ཀྱི་མིས་བཟོས་རིག་ནུས་ཀྱི་བདེ་འཇགས་མཐོ་རིམ་གྲོས་ཚོགས་ཐོག་མ་ཟླ11པའི་ཚེས1ཉིན་དབྱིན་ཇིའི་པུའུ་ལའེ་ཆི་ལེ་ར་བ་ནས་སྤེལ། ཨ་མེ་རི་ཁ་དང་དབྱིན་ཇི། ཡོ་རོབ་གླིང་མནའ་འབྲེལ། ཀྲུང་གོ། རྒྱ་གར་སོགས་ཕྱོགས་མང་བོའི་འཐུས་མིས་ཚོགས་ཡུན་ཉིན་གཉིས་ཀྱི་ཚོགས་འདུའི་སྐབས་སུ། མིས་བཟོས་རིག་ནུས་ལག་རྩལ་མྱུར་མོར་འཕེལ་རྒྱས་སུ་སོང་བ་ལས་བྱུང་བའི་ཉེན་ཁ་དང་གོ་སྐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

དཔོན་ཕྱོགས་ཀྱི་གྲོས་རིམ་བཀོད་སྒྲིག་ལྟར་དུ། དབྱིན་ཇིའི་ཨེ་ལོན་ཐུའུ་ལིན་ཞིབ་འཇུག་ཁང་དང་། ཀྲུང་གོའི་ཚན་རིག་གླིང་། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་རྩ་འཛུགས་སོགས་ལས་ཁུངས་མང་བོ་དང་། དབྱིན་ཇིའི་གཏིང་ཟབ་པའི་བསམ་གཞིགས་ཞེས་པའི་ཀུང་ཟི་དང་། ཨ་མེ་རི་ཁའི་ཀུའུ་ཀི་ཀུང་ཟི། ཀྲུང་གོའི་ཐིན་ཞོན་ཀུང་ཟི། ཨ་ལི་པཱ་པཱ་ཀུང་ཟི་སོགས་ཁེ་ལས་མིང་གྲགས་ཅན། དེ་མིན་དབྱང་ལི་ཁོན་དང་ཡའོ་ཧྲུའུ་ཡཱ་པིན་ཆའོ། ཅེ་ཧྥོ་ལི་ཞིན་ཏོན་སོགས་མིས་བཟོས་རིག་ནུས་ཁྱབ་ཁོངས་ཀྱི་སྐད་གྲགས་ཅན་གྱི་ཆེད་མཁས་པ་བཅས་མཐོ་རིམ་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་ལ། གཙོ་བོ་མིས་བཟོས་རིག་ནུས་ལག་རྩལ་ལས་འབྱུང་སྲིད་པའི་ཉེན་ཁར་དོ་སྣང་བྱེད་པའི་ཞོར་དུ་ལག་རྩལ་དེ་ལས་བྱུང་བའི་འགྱུར་ལྡོག་རང་བཞིན་གྱི་གོ་སྐབས་ལ་གྲོས་བསྡུར་བྱེད་རྒྱུ་རེད།

པུའུ་ལའེ་ཆི་ལེ་ར་བ་དེ་དབྱིན་ཇིའི་རྒྱལ་ས་ལོན་ཏོན་བྱང་ངོས་ཀྱི་སྤྱི་ལེ་བརྒྱད་ཅུའི་མཚམས་སུ་ཡོད་པ་དང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དབྱིན་ཇིའི་གསང་ཨང་བརྟོལ་སའི་ལྟེ་གནས་ཡིན་ལ། རྗེས་སུ་རྟེན་མཛོད་ཁང་དུ་བྱས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།