ཟླ11པའི་ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཝང་དབྱི་ཡིས་པེ་ཅིང་ནས་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཨ་ཅ་ཨར་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་བསྟན་དོན། ན་ནིང་གི་ཟླ12པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་པུའུ་ཨར་ཧན་གཉིས་ཀྱིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྩེ་ཚོགས་སྐབས་དང་པོའི་སྐབས་སུ་གྲུབ་འབྲས་ལྡན་པའི་མཇལ་འཕྲད་གནང་ནས། ཀྲུང་གོ་དང་སུའུ་ཏན་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ན་ཡང་། ཀྲུང་གོས་ཀྲུང་གོ་དང་སུའུ་ཏན་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ལངས་ཕྱོགས་ལ་གཡོ་འགུལ་འབྱུང་མི་སྲིད་ལ། སུའུ་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་སྒེར་ཚུགས་དང་རྒྱལ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། སུའུ་ཏན་གྱིས་རྒྱལ་ནང་གི་ཞི་བདེ་བརྟན་འཇགས་མངོན་འགྱུར་བྱེད་པ་དང་སུའུ་ཏན་གྱིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན།
ཨ་ཅ་ཨར་གྱིས་བསྟན་དོན། སུའུ་ཏན་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོས་སུའུ་ཏན་གྱི་གནས་བབ་ལ་དོ་སྣང་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཀྲུང་གོས་སུའུ་ཏན་གྱིས་བརྟན་འཇགས་སླར་གསོ་དང་བསྐྱར་འཛུགས་བྱེད་པ། འཕེལ་རྒྱས་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུར་རེ་སྒུག་བྱེད་ཀྱིན་ཡོད།
ཉིན་དེར། ཝང་དབྱི་ཡིས་པེ་ཅིང་ནས་དུས་བཅད་ལྟར་ཅེ་ཁི་རྒྱལ་ཁབ་ཀྱི་བདེ་འཇགས་བློ་འདོན་པ་པོ་ཡ་ཨར་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཅེ་ཁིའི་འབྲེལ་བ་བདེ་ཐང་བརྟན་འཇགས་དང་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་ན། ཐོག་མར་ཕན་ཚུན་བར་གྱི་ཆབ་སྲིད་ཀྱི་དམ་བཅའ་བརྩི་སྲུང་བྱེད་པ་དང་། རང་སོ་སོའི་བདག་དབང་དང་ཁྱབ་ཁོངས་ཆ་ཚང་ལ་བརྩི་བཀུར་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཕྱོགས་གཉིས་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་ལ་སྲུང་སྐྱོབ་བྱེད་དགོས། རེ་བ་ཡིན་ན་ཅེ་ཁི་ཡིས་རྗེས་དཔག་དངོས་གཉེར་གྱི་རྣམ་འགྱུར་ལ་བརྟེན་ནས་ཀྲུང་གོའི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་པ་དང་། ཕན་ཚུན་ལ་རྒྱུས་ལོན་བྱེད་པར་སྐུལ་འདེད་གཏོང་བ། གཉིས་ཕན་མཉམ་ལས་བྱེད་པ་དང་། དེ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་མཐུན།
པོ་ཡ་ཨར་གྱིས་བསྟན་དོན། ཅེ་ཁི་ཡིས་དངོས་གཉེར་གྱི་རྣམ་འགྱུར་ལ་བརྟེན་ནས་ཀྲུང་གོའི་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཅེ་ཁི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་་པ་འགྱུར་མི་སྲིད།
རིན་ཆེན་མཚོས་བསྒྱུར།