ཕ་ལེ་སི་ཐན་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཟླ11པའི་ཚེས1ཉིན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཟླ10པའི་ཚེས7ཉིན་སྐོར་གསར་བའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་འགུལ་སྐྱོད་ལས་མི་སྟོང་བརྒྱད་དང་བདུན་བརྒྱ་གོ་དྲུག་རྐྱེན་ལམ་དུ་ཤོར་ཟེར། གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱི་མི་སྟོང་གཅིག་དང་བཞི་བརྒྱ་རྐྱེན་ལམ་དུ་ཤོར་ཟེར། མིག་སྔའི་བར་དུ། སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་ཕྱོགས་གཉིས་ཀྱི་མི་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར།
དེ་དང་མཉམ་དུ། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་དམག་གིས་བཤད་རྒྱུར། ཅཱ་ཧྲའི་མི་སེར་ས་ཡ་གཉིས་དང་འབུམ་གསུམ་ཙམ་གྱི་ཁྲོད་དུ་མི་ས་ཡ་གཅིག་དང་འབུམ་བཞི་ལ་འགྲོ་སའི་ཁྱིམ་མེད་པར་གྱུར། སྨན་བཅོས་མི་སྣའི་ལས་འགན་ཚད་ལས་བརྒལ་ཡོད་པ་དང་ཆ་རྐྱེན་ཧ་ཅང་མི་བཟང་། ཆུ་ཁུངས་མང་བོར་འབག་བཙོག་བཟོས་ཡོད་པས། ས་གནས་མི་དམངས་ལ་འཐུང་ཆུ་དཀོན་པར་གྱུར་ཡོད།
དབྱི་སི་རལ་གྱིས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་ཅཱ་ཧྲ་ས་ཁུལ་ལ་དམིགས་པའི་འགས་གཏོར་དང་ཕྱོགས་ཡོངས་བཀག་སྡོམ་སོགས་ཀྱི་བྱེད་ཐབས་ལ་བསྟུད་མར་ཕྱོགས་མང་བོའི་རྒོལ་གཏམ་ཐེབས་ཏེ་རྒྱལ་སྤྱིའི་གནོན་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད།
ཟླ11པའི་ཚེས1ཉིན། ཅོར་ཏན་ཕྱི་འབྲེལ་པུའུ་ཡིས་ཅོར་ཏན་གྱི་དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱས། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་སཱ་ཧྥ་ཏིས་ཀྱིས་གསལ་བསྒྲགས་ཤིག་གི་ཁྲོད་བསྟན་དོན། ཐག་གཅོད་དེ་ནི་ཅོར་ཏན་གྱིས་དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་བཏང་བ་ལས་བྱུང་བ་དང་། དམག་དོན་འགུལ་སྐྱོད་དེས་མི་སེར་མང་བོ་བསད་དེ་སྔ་ན་མེད་པའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་བྱུང་དུ་བཅུག་ཡོད་པར་མ་ཟད། ས་ཁུལ་ཡོངས་ཀྱི་བདེ་འཇགས་དང་རྒྱལ་སྤྱིའི་ཞི་བདེ་ལ་འཇིགས་ཉེན་བཟོ་ཡང་སྲིད་ཟེར།
ཟླ10པའི་ཚེས31ཉིན། པོ་ལི་ཝེ་ཡས་དབྱི་སི་རལ་དང་འབྲེལ་ཐག་གཅོད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དབྱི་སི་རལ་གྱིས་ཕ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་དུ་འགས་གཏོར་དྲག་པོ་བྱས་པར་རྒོལ་གཏམ་བཏང་། ཉིན་དེར། ཁོ་ལོམ་པི་ཡ་དང་ཀྲི་ལི་ཡིས་ཀྱང་དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་ཆེན་མོ་ཕྱིར་འཐེན་བྱས།
ཀྲི་ལི་ཕྱི་འབྲེལ་པུའུ་ཡིས་སྤྱི་བསྒྲགས་སྤེལ་ནས་བཤད་རྒྱུར། ཀྲི་ལི་ཡིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་དུ་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པར་མ་ཟད། དེར་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། དེ་ནི་ཅཱ་ཧྲ་ས་ཁུལ་གྱི་ཕ་ལེ་སི་ཐན་མི་དམངས་ལ་ཐུན་མོང་དུ་བཟོས་པའི་ཉེས་ཆད་ཡིན་པར་འདོད།
དེ་མིན། མོ་ཞི་ཁོ་དང་པ་ཞི་སོགས་རྒྱལ་ཁབ་ཀྱིས་བསྟུད་མར་ཉིན་འགའི་རིང་ལ་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། པ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་སྤྱི་ཚོགས་འབྲེལ་བའི་དྲ་རྒྱའི་ཐད་གཏོང་གཏམ་བཤད་ཅིག་གི་ཁྲོད་བཤད་རྒྱུར། ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་དབྱི་སི་རལ་དུ་འཇབ་རྒོལ་བྱས་པ་དེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་ཉེས་མེད་མི་སེར་དམར་གསོད་བྱེད་པའི་རྒྱུ་མཚན་དུ་འགྱུར་མི་རུང་ཟེར།
སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་རྗེས། དབྱི་སི་རལ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་ཛ་དྲག་ཏུ་གྱུར། གནས་ཚུལ་ཤེས་མཁན་གྱིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་ཨ་མེ་རི་ཁས་སྐུལ་འདེད་བཏང་བའི་སོ་ཏི་ཨ་རབ་དང་དབྱི་སི་རལ་གྱི་འབྲེལ་བ་རྒྱུན་ལྡན་ཅན་གྱི་གྲོས་མོལ་མཚམས་བཞག་ཡོད། ཨ་རབ་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ཀྱི་ས་ངོས་དཔུང་འཇུག་བྱས་ན། སོ་ཏི་ཨ་རབ་དང་ཨེ་ཅིབ། ཐུར་ཁེ་སོགས་རྒྱལ་ཁབ་ཀྱིས་ཕྱི་འབྲེལ་དང་མི་ཆོས་རིང་ལུགས་ཀྱི་ངོས་ཐད་ནས་དབྱི་སི་རལ་ལ་ཐད་ཀར་གནོན་ཤུགས་མང་བོ་སྟེར་ངེས་ལ། ཅཱ་ཧྲ་ས་ཁུལ་ལ་རོགས་སྐྱོར་འདོན་སྤྲོད་བྱེད་ངེས་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།