ཝུའུ་ཙི་པེ་ཁི་སི་ཐན་དང་ཧྥ་རན་སིའི་འགོ་ཁྲིད་པ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་རྒྱུར་འཐད་པ་བྱུང་། 
2023.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་སྨི་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཚེས2ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་གྲོང་ཁྱེར་ཆེན་པོ་གཉིས་པ་སཱ་མ་ཨར་ཧན་དུ་འཚམས་འདྲིར་ཡོང་བའི་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་གྲོས་མོལ་གནང་ཞིང་།ཕྱོགས་གཉིས་ཀ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུར་མོས་མཐུན་བྱུང་།

ཚེས2ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་ལས་ཤག་གིས་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཉིན་དེར་སྔ་རྗེས་སུ་གྲོས་མོལ་དང་རྒྱས་འཛོམས་ཚོགས་འདུ་བསྡུས། སྨི་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། མ་ཁི་ལུང་འཚམས་འདྲིར་ཡོང་བ་ནི་འདས་ཟིན་པའི་ལོ་སུམ་ཅུའི་ནང་ཧྥ་རན་སིའི་ཙུང་ཐུང་གིས་ཝུའུ་ཙི་པེ་ཁི་སི་ཐན་ལ་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕྱོགས་གཉིས་ཀའི་ཁྱོན་ཡོངས་ཀྱི་མཉམ་ལས་སྔར་ལས་རྒྱ་ཆེར་གཏོང་རྒྱུའི་ཐད་གྲོས་མོལ་བྱས་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུར་མོས་མཐུན་བྱུང་། ཕྱོགས་གཉིས་ཀྱིས་ལྗང་མདོག་ནུས་ཁུངས་དང་། མ་བཅོས་རྒྱུ་ཆ་སྔོག་འདོན་དང་ལས་སྣོན། ཞིང་ལས་གསར་གཏོད། ཆུ་མཁོ་འདོན། ཟོག་འགྲེམས། རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་གསར་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་ལ་གྲོས་བསྡུར་བྱས།

གསལ་བསྒྲགས་ནང་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཨེ་ཤ་ཡ་དབུས་མའི་ས་ཁུལ་གྱི་ཕན་ཚུན་བར་གྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་རྒྱུའི་ཐད་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་དང་། ཝུའུ་ཙི་པེ་ཁི་སི་ཐན་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཆབ་སྲིད་ཐད་གྲོས་མོལ་བྱས་ནས་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་བཏང་སྟེ་མིག་སྔའི་འགྲན་སློང་དང་ཉེན་ཁར་ཁ་གཏད་ནུས་ལྡན་འཇལ་དགོས་པ་ནན་བཤད་གནང་།

ཤ་བོ་གསེར་མཚོས་བསྒྱུར།