དབྱི་སི་རལ་གྱི་ཙུང་ལིས་དབྱི་སི་རལ་གྱི་དམག་དཔུང་གིས་དཔུང་འཇུག་བྱས་ཏེ་ཅཱ་ཧྲ་གྲོང་འདབས་སུ་སླེབས་ཡོད་ཟེར།
2023.11.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

དབྱི་སི་རལ་གྱི་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་ཚེས2ཉིན་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་དུ་དཔུང་འཇུག་བྱས་པར་གྲུབ་འབྲས་ཐོབ་པ་དང་། ས་ངོས་དཔུང་སྡེ་ཡིས་ཅཱ་ཧྲ་གྲོང་འདབས་བརྒལ་ཐུབ་ཡོད་ཟེར།

ཚེས2ཉིན་དབྱི་སི་རལ་དམག་ཕྱོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ལྟར་ན། ཉིན་དེར་ནེ་ཐ་ཉི་ཡ་ཧུའུ་ཡིས་དམག་དོན་རྟེན་གཞི་ཞིག་ཏུ་དམག་འཐབ་དཔུང་སྡེར་རྟོག་ཞིབ་བྱེད་སྐབས་བཤད་རྒྱུར། དམག་འཁྲུག་སྔར་བཞིན་རྒྱག་བཞིན་ཡོད་ཅིང་། དབྱི་སི་རལ་དམག་དཔུང་དངོས་སུ་ཅཱ་ཧྲ་གྲོང་འདབས་ལས་བརྒལ་ཐུབ་ཡོད་ནའང་། དབྱི་སི་རལ་དམག་དཔུང་གི་མི་སྣར་ཤི་རྨས་ཐེབས་ཡོད་ཟེར།

དབྱི་སི་རལ་དམག་ཕྱོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ཐོག་ནས་དཔུང་འཇུག་བྱེད་མགོ་བརྩམས་པ་ནས་བཟུང་། ཁྱོན་བསྡོམས་དམག་མི17ཐེངས་འདིའི་གདོང་ཐུག་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ཟེར།

ཚེས2ཉིན་ཅཱ་ཧྲ་ས་ཁུལ་གྱི་རྒྱུས་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་དམག་དཔུང་གིས་ནུས་ཤུགས་ཡོད་རྒུས་ཅཱ་ཧྲ་གྲོང་ཁྱེར་གྱི་ལྷོ་འདབས་སུ་ཕར་རྒོལ་བྱས་ནས། ས་གནས་དེ་གའི་བྱང་ནས་ལྷོ་ཕྱོགས་སུ་འཐེན་པའི་བགྲོད་ལམ་ཚང་མ་གཅོད་རྩིས་བྱས་ཟེར།

ཕ་ལེ་སི་ཐན་གཞུང་ཕྱོགས་གསར་འགྱུར་ཁང་གི“ཝ་ཧྥ”གསར་འགྱུར་ཁང་གིས་ཚེས2ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཉིན་དེར་དབྱི་སི་རལ་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དུ་ཡོད་པའི་པུའུ་ལའེ་ཅེ་ཡུལ་གྱར་པའི་སྒར་སར་བར་སྣང་ནས་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི15བསད་ཟེར། ཕ་ལེ་སི་ཐན་གྱི་རྒྱུས་ཡོད་མི་སྣས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས2ཉིན་བསྟུད་མར་ཉིན་གསུམ་གྱི་རིང་ལ་ཅཱ་ཧྲ་བྱང་རྒྱུད་ཀྱི་ཅེ་པཱ་ལིས་ཡེ་ཡུལ་གྱར་པའི་སྒར་སའི་མང་ཚོགས་ལ་བར་སྣང་ནས་འཇབ་རྒོལ་བྱས་པས། མི་བཅུ་ཕྲག་ལྷག་ལ་ཤི་རྨས་ཐེབས་ཡོད་ཟེར།

ཚེས2ཉིན་ལེ་པ་ནོན་ཀྲིན་ཀྲུའུ་ཏང་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། དམག་འཐབ་མི་སྣས་ཉིན་དེར་འཕུར་མདེལ་དང་མེ་ཤུགས་འཕུར་མདའ། མཚོན་ཆ་གཞན་དག་བཅས་སྤྱད་དེ་དབྱི་སི་རལ་དམག་དཔུང་གི་གཡུལ་སར་འཇབ་རྒོལ་ཐེངས19བྱས་པ་དང་། དེའི་སྔོན་གྱི་ཐོ་རེངས་དུས་སུ། བར་སྣང་ལ་འཕེན་པའི་འཕུར་མདེལ་གྱིས་དབྱི་སི་རལ་གྱི་དྲག་ཆས་མི་མེད་གནམ་གྲུ་ཞིག་འགས་གཏོར་བཏང་ཟེར། གསལ་བསྒྲགས་ལས་བཤད་རྒྱུར། འབར་མདེལ་བླུགས་པའི་མི་མེད་གནམ་གྲུས་དབྱི་སི་རལ་གྱིས་བཟུང་བའི་སཱ་པ་ཨ་ཞིང་རའི་ནང་ཡོད་པའི། དབྱི་སི་རལ་གྱི་དམག་དཔུང་བཀོད་འདོམས་ཁང་ལ་འཇབ་རྒོལ་བྱས་ཡོད་ཟེར།

དབྱི་སི་རལ་གྱི་དམག་ཕྱོགས་ཀྱིས་ཚེས2ཉིན་གྱི་ས་སྲོད་དུས་སུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཉིན་དེའི་སྔ་དྲོར་ལེ་པ་ནོན་ནས་དབྱི་སི་རལ་མངའ་ཁོངས་སུ་འཕུར་མདེལ་གྱི་འཇབ་རྒོལ་བྱས་པ་དེར་རྒོལ་ལན་སྤྲོད་ཆེད། དབྱི་སི་རལ་གྱིས་དམག་འཐབ་གནམ་གྲུ་དང་མེ་སྒྱོགས། སྒྱོགས་དམག་བཅས་ཀྱིས་དུས་ཚོད་འགའི་རིང་ལ། ལེ་པ་ནོན་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་མང་བོར་འཇབ་རྒོལ་བྱས་པ་དེའི་ཁྲོད་དུ། དམག་དོན་གྱི་རྨང་གཞིའི་སྒྲིག་ཆས་དང་། བཀོད་འདོམས་དང་ཚོད་འཛིན་ལྟེ་གནས། མེ་ཤུགས་འཕུར་མདའི་འཕེན་གཏོང་ས་ཚིགས། དེ་བཞིན་གོ་མཚོན་མཛོད་སོགས་ཚུད་ཡོད་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།