མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་ནས་ཚེས་གཉིས་ཉིན་མང་ཆེ་བ་ཡིད་འཐད་བྱུང་བའི་མཇུག་འབྲས་ཀྱིས་གྲོས་ཆོད་བཀོད་དེ། ཡང་བསྐྱར་ཨ་མེ་རི་ཁས་ཁུ་པཱའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཀྱི་བཀག་སྡོམ་མཇུག་སྒྲིལ་དགོས་པའི་སྐུལ་མ་བཏང་།
ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་བརྒྱ་དང་གྱ་བདུན་གྲོས་ཆོད་འཆར་ཟིན་དེར་ཡིད་འཐད་བྱུང་བ་དང་། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་ངོ་རྒོལ་བྱེད་པའི་འདེམ་ཤོག་འཕངས། ཝུའུ་ཁི་ལན་གྱིས་དབང་ཆ་རྩིས་མེད་དུ་བཏང་། གྲོས་ཆོད་དེ་ལས་ད་རུང་རྒྱལ་ཁབ་སོ་སོའི་བདག་དབང་འདྲ་མཉམ་ཡིན་པ་དང་། ཐེ་གཏོགས་མི་བྱེད་པ། རྒྱལ་ཁབ་སོ་སོའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་བསྐྱར་སྒྲོག་བྱས།
ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་འདེམ་ཤོག་མ་འཕངས་གོང་གཏམ་བཤད་སྤེལ་ཏེ། བཀག་སྡོམ་ནི་ཞི་བདེའི་དུས་སྐབས་ཀྱི་དཔལ་འབྱོར་འཐབ་འཁྲུག་གི་བྱ་སྤྱོད་ཅིག་ཡིན་པ་དང་། བཀག་སྡོམ་ལས་ཁུ་པཱ་མི་དམངས་ཀྱི་ཚེ་སྲོག་དང་བདེ་ཐང་། ཕན་བདེ་བཅས་ཀྱི་ཁེ་ཕན་ལ་གནོད་པ་བཟོས་ཡོད། ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ། ཁུ་པཱ་ཡིས་ནམ་རྒྱུན་བརྩེ་བ་བྲལ་བའི་དཔལ་འབྱོར་དང་ཚོང་ལས། དངུལ་ལོར་བཅས་ཀྱི་བཀག་སྡོམ་ལ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།
ལོ་ཏི་ལི་ཀི་སི་ཡིས་ད་རུང་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་ཚད་བརྒལ་གྱིས་ཁུ་པཱ་ནི་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་ཡིན་པར་སྐྱོན་འཛུགས་བྱས་པ་དང་། སྐྱོན་འཛུགས་དེའི་དབང་གིས་ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་འཛམ་གླིང་ཡོངས་ཀྱི་དངུལ་ཁང་དང་དངུལ་ལོར་ཚོགས་ཁག་བརྒྱ་ཕྲག་འགའ་ལ་བཙན་སྐུལ་བྱས་ནས། དེ་དག་ལ་མུ་མཐུད་དུ་ཨ་མེ་རི་ཁ་དང་ཁུ་པཱའི་བར་ནས་གདམ་གསེས་བྱེད་དུ་བཅུག་པ་རེད་ཟེར།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ནེའེ་པེན་ཅཱ་ཡིས་བསྟན་དོན། ཨུ་རུ་སི་ཡིས་ཨ་མེ་རི་ཁས་མངོན་སུམ་འཛེམ་མེད་ཀྱིས་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་ཡིག་གི་གཞི་རྩའི་རྩ་དོན་དང་འགལ་བའི་བྱ་སྤྱོད་སྤེལ་བར་རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་ལ། ཨ་མེ་རི་ཁ་དང་དེའི་མནའ་མཐུན་དག་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་གཡོལ་ནས་ཕྱོགས་གཅིག་གི་ཁྲིམས་འགལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱས་པར་མི་སེར་སྤེལ་བའི་རིང་ལུགས་གསར་བའི་ངོ་བོ་ལྡན་པ་ཡིན་ལ། བྱ་སྤྱོད་དེ་དག་གིས་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོའི་མང་ཚོགས་ལ་མི་ཆོས་རིང་ལུགས་ཀྱི་མཇུག་འབྲས་ཚབས་ཆེན་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།