འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ལས་སྨན་བཅོས་བྱེད་སར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཉིས་བརྒྱ་དང་སོ་བདུན་བྱུང་ཡོད་པའི་ཚུལ་བསྟན།
2023.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 30

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་གཉིས་ཉིན་བཤད་རྒྱུར། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་བཟུང་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། སྨན་བཅོས་བྱེད་སར་དམིགས་པའི་འཇབ་རྒོལ་དོན་རྐྱེན་ཉིས་བརྒྱ་དང་སོ་བདུན་བྱུང་ཡོད་ལ། དེའི་ནང་དོན་རྐྱེན་ཉིས་བརྒྱ་དང་བཅོ་བརྒྱད་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་ས་ཁོངས་ནས་བྱུང་བ་ཡིན་པ་དང་། དོན་རྐྱེན་བཅུ་དགུ་དབྱི་སི་རལ་ནས་བྱུང་བ་རེད་ཟེར།

ཐན་ཏི་སེ་ཡིས་ཉིན་དེར་རི་ནེ་ཝ་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཁྲུག་རྩོད་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་མི་ཁྲི་གཅིག་ལྷག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བརྒྱ་ཆའི་བདུན་ཅུ་བུད་མེད་དང་བྱིས་པ་ཡིན་ལ། མི་ཁྲི་གཉིས་དང་སྟོང་གཅིག་ལྷག་ལ་རྨས་ཕོག་ཡོད། ཅཱ་ཧྲ་ས་ཁུལ་ནས་མི་ས་ཡ་གཅིག་དང་འབུམ་བཞི་ལྷག་ཡུལ་འཁྱམས་བྱེད་བཞིན་ཡོད་ཟེར།

ཐན་ཏི་སེ་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དུ་སྨན་ཁང་སོ་དྲུག་ཡོད་པའི་ཁྲོད་ཀྱི་སྨན་ཁང་བཅུ་བཞིས་བྱ་བ་ལས་ཐབས་བྲལ་བ་དང་། སྨན་ཁང་གི་བྱ་བའི་ནུས་པའང་ཟས་རིགས་དང་དག་གཙང་གི་འཐུང་ཆུ། གློག་འདོན་འབར་རྫས་བཅས་དཀོན་པའི་དབང་གིས་ཇེ་ཞན་དུ་འགྲོ་བཞིན་ཡོད་ཟེར།

ཐན་ཏི་སེ་ཡིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།