ཝང་དབྱི་ཡིས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་དང་ཁ་པར་གྲོས་མོལ་བྱས།
2023.11.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཚེས3ཉིན་དུས་བཅད་ལྟར་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་ལ་ཁ་པར་བཏང་།

ཧྥེ་སཱ་ཨར་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་གནད་དོན་ཐད་ནས་དྲང་བདེན་བསྐྱངས་ཏེ། ཨ་རབ་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་པའི་འདོད་བློ་གྲོས་གཞི་བཏོན་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཆེན་མོའི་ནུས་པ་འདོན་སྤེལ་བྱེད་པ་དང་ཧུར་ཐག་སྒོས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འགུལ་སྐྱོད་སྤེལ་བར་སྐུལ་འདེད་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད། སོ་ཏི་ཨ་རབ་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་། རྒུད་སྐྱོབ་དངོས་རྫས་དག་མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་བསྐྱལ་ནས་མི་ཆོས་རིང་ལུགས་ཀྱི་གནོད་འཚེ་ཞི་འཇགས་སུ་གཏོང་བར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཝང་དབྱི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བྲེལ་མྱུར་དམིགས་བསལ་གྲོས་ཚོགས་ནས་འདེམ་ཤོག་མང་ཆེ་བ་ཡིད་འཐད་བྱུང་ནས་ཨ་རབ་རྒྱལ་ཁབ་ཀྱིས་བཏོན་པའི་གྲོས་ཆོད་ལ་གྲོས་མཐུན་བཀོད་པ་དང་། དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྒྲ་དང་སེམས་ཀྱི་བསམ་ཕྱོགས་མངོན་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཟླ་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཞི་བདེ་སླར་གསོ་བྱད་པའི་ཐད་འབད་བརྩོན་བྱས་ཤིང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ལས་འགན་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ། ནུས་པ་འདོན་སྤེལ་བྱེད་པ། ཐུན་མོང་ལྟ་ཚུལ་འགོད་པ། གང་མགྱོགས་སྒོས་མིག་སྔའི་ཉམས་ཉེན་ཞི་འཇགས་སུ་གཏོང་བར་ཕན་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་གྲོས་ཆོད་འདོན་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཝང་དབྱི་ཡིས་བསྟན་དོན། སོ་ཏི་ཨ་རབ་ནི་ཤུགས་རྐྱེན་ཆེན་པོ་ལྡན་པའི་ས་ཁུལ་གྱི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་ཞིང་། ཀྲུང་གོའི་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་སྔོན་ཆད་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་སྐུལ་འདེད་བཏང་བར་གཟེངས་བསྟོད་བྱེད་བཞིན་ཡོད་པ་དང་། སོ་ཏི་ཨ་རབ་ཀྱིས་མུ་མཐུད་དུ་ཨ་རབ་ཀྱི་རྒྱལ་ཁབ་གཞན་པ་དང་མཉམ་དུ་ས་ཁུལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་ཐུབ་པར་རེ་སྒུག་བྱས་ཡོད་ལ་དེར་ཡིད་ཆེས་ཀྱང་ཡོད་ཟེར། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་དང་ཕྱོགས་སོ་སོའི་བར་གྱི་འབྲེལ་འདྲིས་རོགས་ལས་ལ་ཤུགས་སྣོན་བྱེད་པ་དང་། དབང་གྲགས་རང་བཞིན་ལྡན་པའི་རྒྱལ་སྤྱིའི་ཚོགས་འདུ་མྱུར་དུ་བསྡུ་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ལས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བྱེད་ཆེད་བྱེ་བྲག་གི་ལས་རིམ་གཏན་འཁེལ་གསལ་བོ་བྱེད་དགོས་ཟེར།

ཧྥེ་སཱ་ཨར་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པའི་ཆེས་ནུས་ལྡན་གྱི་ཐབས་ཇུས་ཤིག་ཡིན་ལ། སོ་ཏི་ཨ་རབ་ཀྱིས་མུ་མཐུད་དུ་དོན་དེའི་ཐད་འབད་བརྩོན་བྱས་ཏེ། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནས་ཐུན་མོང་གི་ལྟ་ཚུལ་སྔར་ལས་ཆེན་པོ་འགོད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་ད་རུང་ཀྲུང་གོ་དང་ཨ་ཏི་ཨ་རབ་ཀྱི་འབྲེལ་བའི་ཐད་ནས་བསམ་འཆར་བརྗེ་རེས་བྱས་པ་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།