བལ་པོའི་ནུབ་ཕྱོགས་ས་ཁུལ་དུ་ས་ཡོམ་བྱུང་ནས་མི་བརྒྱ་དང་སོ་བརྒྱད་རྐྱེན་ལམ་དུ་ཤོར།
2023.11.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

བལ་པོའི་ནུབ་ཕྱོགས་ས་ཁུལ་དུ་ཚེས་གསུམ་ཉིན་གྱི་ནམ་གུང་ཚད་རིམ་དྲུག་དང་གྲངས་ཆུང་བཞིའི་ས་ཡོམ་བྱུང་བ་དང་། མིག་སྔར་བར་དུ་ཉུང་མཐར་ཡང་མི་བརྒྱ་དང་སོ་བརྒྱད་རྐྱེན་ལམ་དུ་ཤོར། 

ས་ཡོམ་བྱུང་སྐབས་ས་ཡོམ་བྱུང་སའི་ས་ཁུལ་གཙོ་བོ་དང་བར་ཐག་སྤྱི་ལེ་ལྔ་བརྒྱ་ཙམ་ཡོད་པའི་བལ་པོའི་རྒྱལ་ས་ཀ་ཏི་མན་དྷི་སོགས་ས་ཁུལ་དུ་ས་ཡོམ་གྱི་ཚོར་སྣང་དྲག་པོ་བྱུང་། ས་ཡོམ་བྱུང་རྗེས་ཀྱི་དུས་ཚོད་གཅིག་ནང་། ད་རུང་ས་ཡོམ་ཆུང་བ་ཐེངས་འགའ་བྱུང་བ་རེད། ས་ཡོམ་བྱུང་སའི་ས་ཁུལ་གཙོ་བོ་ཀི་ཨར་ནཱ་ལེ་ཞིང་ཆེན་གྱི་ཀྲ་ཙེ་ཨར་གོ་ཏི་ས་ཁུལ་ནས་ཁང་བར་གཏོར་བཤིག་ཚབས་ཆེན་བྱུང་ཡོད། ས་དེའི་སྲིད་གཞུང་གིས་བཤད་རྒྱུར། ས་ཁུལ་མང་བོར་འཕྲིན་གཏོང་ཆད་ཡོད་ལ། འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར། ཀྲ་ཙེ་ཨར་གོ་ཏི་རུ་སྡོད་དམངས་འབུམ་གཅིག་དང་ཁྲི་དགུ་ཙམ་ཡོད་པ་རེད།

ཡུལ་མཐའ་འཁོབ་ཡིན་པ་དང་། དེའི་ཁར་ཟམ་པར་གཏོར་བརླག་ཐེབས་ཡོད་ལ། ས་ཡོམ་ལས་བྱུང་བའི་རི་ཉིལ་བའི་དོན་རྐྱེན་སོགས་ལས་གཞུང་ལམ་ལ་བཀག་རྒྱ་ཐེབས་ཡོད་པས། རྒུད་སྐྱོབ་མི་སྣ་དང་རྒུད་སྐྱོབ་དངོས་རྫས་དག་གནོད་ཐེབས་ས་ཁུལ་དུ་སྐྱེལ་བར་དཀའ་ཁག་བཟོས་ཡོད། བལ་པོའི་ཙུང་ལི་གཞོན་པའམ་རྒྱལ་སྲུང་པུའུ་ཀྲང་ཁཱ་ཏི་ཅཱ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། མིག་སྔར་སྟོབས་ཤུགས་གཅིག་བསྡུ་བྱས་ནས་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་རྒུད་སྐྱོབ་བྱ་བ་སྤེལ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།