ཐུར་ཁེ་ཡིས་དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་པ་ཕྱིར་འབོད་རྒྱུ་ཁྱབ་བསྒྲགས་བྱས།
2023.11.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཞི་ཉིན་ཁྱབ་བསྒྲགས་བྱས་དོན། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་མུ་མཐུད་དུ་ཆམ་ཕབ་བཏང་བ་དང་ཅཱ་ཧྲ་ས་ཁུལ་དུ་བྱུང་བའི་མི་ཆོས་རིང་ལུགས་ཀྱི་སྐྱོ་གར་ལ་གཞིགས་ནས། ཐུར་ཁེ་ཡིས་དབྱི་སི་རལ་དུ་སྡོད་པའི་གཞུང་ཚབ་པ་ཕྱིར་འབོད་རྒྱུ་ཐག་བཅད་པ་རེད།

ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་འཁྲུག་རྩོད་མཚམས་མ་བཞག་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་བཀག་མེད་དུ་ཅཱ་ཧྲ་ས་ཁུལ་དུ་འགྲོ་བར་བཀག་འགོག་བྱས་པར་མ་ཟད། མུ་མཐུད་དུ་མི་སེར་དཀྱུས་མར་ཆམ་ཕབ་བཏང་སྟེ། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་སྐྱོ་གར་འབྱུང་དུ་བཅུག་པར་དམིགས་ནས། ཐུར་ཁེ་ཡིས་དབྱི་སི་རལ་གྱི་གཞུང་ཚབ་ཆེན་མོ་ཕྱིར་འབོད་རྒྱུ་ཐག་བཅད་པ་ཡིན་ཟེར།

ལོ་ངོ་བཅུ་ལྷག་གི་རིང་ལ། ཐུར་ཁེ་དང་དབྱི་སི་རལ་གྱི་འབྲེལ་བར་འཕེལ་འགྲིབ་ཐེངས་མང་བྱུང་། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བརྒྱད་པར། རྒྱལ་ཁབ་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་ཏེ་ཕན་ཚུན་བར་ཡང་བསྐྱར་གཞུང་ཚབ་པ་མངག་གཏོང་བྱས། ཐེངས་འདིའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྐོར་ཐེངས་གསར་བའི་འཁྲུག་རྩོད་སྐབས་སུ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཡང་བསྐྱར་ཇེ་སྡུག་ཏུ་སོང་ཡོད། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བའི་རྗེས་སུ། ཐུར་ཁེའི་སྲིད་གཞུང་གིས་རྒོལ་གཏམ་དྲག་པོ་བཏང་སྟེ། དབྱི་སི་རལ་གྱིས་མི་སེར་དཀྱུས་མར་ཡ་ང་བའི་འཇབ་རྒོལ་བྱས་པར་འདོད་པ་དང་། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བ་ནི་དམར་གསོད་ཆེན་མོ་ཡིན་པའི་ཚུལ་བསྟན། ཟླ་བཅུ་བའི་ཚེས་ཉེར་བརྒྱད་ཉིན། དབྱི་སི་རལ་གྱིས་ཐུར་ཁེ་རུ་སྡོད་པའི་གཞུང་ཚབ་པ་ཕྱིར་བོས་པར་མ་ཟད། རྒྱལ་ཁབ་རང་གི་སྤྱི་དམངས་དག་ཐུར་ཁེ་རུ་འགྲོ་བར་བདེ་འཇགས་ཉེན་བརྡ་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།