དབྱི་སི་རལ་གྱིས་ཅཱ་ཧྲའི་ཡུལ་གྱར་པའི་སྒར་སར་འགས་གཏོར་བཏང་བ་དང་ཨ་པཱ་སི་ཡིས་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2023.11.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས4ཉིན་གྱི་དགོང་མོར་ཅཱ་ཧྲའི་དབུས་ཕྱོགས་ཀྱི་མེད་ཅཱ་ཆི་ཡུལ་གྱར་པའི་སྒར་སར་འགས་གཏོར་བཏང་སྟེ། མི་བཅུ་ཕྲག་འགར་ཤི་རྨས་བཟོས་ཡོད་ལ། འདས་པོ་མང་ཆེ་བ་བུད་མེད་དང་བྱིས་པ་རེད་ཟེར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ལྔ་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱེད་སྐབས་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དབྱི་སི་རལ་གྱིས་མིག་སྔའི་གནས་བབ་ཀྱི་འགན་ཡོངས་སུ་ཁུར་དགོས་པའི་ཚུལ་བསྟན།

ཕཱ་ལེ་སི་ཐན་གྱི་འཕྲིན་གཏོང་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཚེས4ཉིན་གྱི་དགོང་མོར་མེད་ཅཱ་ཆི་ཡུལ་གྱར་པའི་སྒར་སར་འགས་གཏོར་བྱས་ནས་མི་ང་གཅིག་རྐྱེན་ལམ་དུ་ཤོར་བ་དང་། འདས་པོ་མང་ཆེ་བ་བུད་མེད་དང་བྱིས་པ་རེད་ཟེར།

ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཚེས་ལྔ་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཐད་ཀར་དུ་ཡུལ་གྱར་པའི་སྒར་སའི་ནང་གི་སྡོད་དམངས་ལ་འགས་གཏོར་བཏང་བ་ཡིན་ལ། འདས་པོ་མང་ཆེ་བ་བུད་མེད་དང་བྱིས་པ་རེད་ཟེར། དབྱི་སི་རལ་ཕྱོགས་ཀྱིས་མིག་སྔར་ད་རུང་གོང་གི་གནས་ཚུལ་དེའི་ཐད་ནས་དཔྱད་བརྗོད་ཅི་ཡང་སྤེལ་མེད།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་ལྔ་ཉིན་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ནས་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱས། ཨ་པཱ་སི་ཡིས་ཆགས་འཇིག་རང་བཞིན་གྱི་འཁྲུག་རྩོད་དེ་མྱུར་མོར་མཚམས་འཇོག་དགོས་པར་མ་ཟད། ཅཱ་ཧྲ་ས་ཁུལ་དུ་སྨན་བཅོས་དང་ཟས་རིགས། འཐུང་ཆུང་། གློག་ཤུགས། འབར་རྫས་སོགས་འདུས་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཨ་པཱ་སི་ཡིས་བསྟན་དོན། དབྱི་སི་རལ་གྱིས་མིག་སྔའི་གནས་བབ་ལ་འགན་ཡོངས་སུ་ཁུར་དགོས་ཟེར། དམག་དོན་བྱེད་ཐབས་ལ་བརྟེན་ནས་དབྱི་སི་རལ་ལ་བདེ་འཇགས་འབྱུང་མི་སྲིད་པ་དང་། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་བཙན་བཟུང་བྱེད་མཚམས་བཞག་ན་ད་གཟོད་ཞི་བདེ་མངོན་འགྱུར་བྱེད་ཐུབ་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།