དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པས་དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་ཕྱོགས་ཡོངས་ནས་བསྐོར་ཡོད་པའི་ཚུལ་བསྟན།
2023.11.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་ལྔ་ཉིན་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་མཁར་ཕྱོགས་ཡོངས་ནས་བསྐོར་ཡོད་པ་དང་། ཅཱ་ཧྲ་ས་ཁུལ་ཁག་གཉིས་སུ་དགར་རྒྱུ་ཡིན་ཟེར།

ཧཱ་ཅཱ་ལི་ཡིས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་ཅཱ་ཧྲ་ས་ཁུལ་གྱི་མཚོ་འགྲམ་ས་ཁུལ་དུ་འབྱོར་ནས་ས་ཁུལ་དེ་ཚོད་འཛིན་བྱས་ཡོད། ཉིན་དེ་ནས་བཟུང་ཅཱ་ཧྲ་ས་ཁུལ་དེ་བྱང་ཕྱོགས་དང་ལྷོ་ཕྱོགས་ཁག་གཉིས་སུ་དགར་རྒྱུ་ཡིན་པ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་མི་སེར་དཀྱུས་མ་དག་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་ལྷོ་ཕྱོགས་སུ་ཕྱིར་འཐེན་བྱེད་པར་སྔར་བཞིན་ཆོག་མཆན་འགོད་ངེས་ཡིན་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་དཔུང་འཇུག་བྱས་པའི་ཚུན་ལ། ཕཱ་ལེ་སི་ཐན་གྱི་དྲག་ཆས་རྩ་འཛུགས་ལ་གཏོགས་པའི་དམིགས་འབེན་སྟོང་གཉིས་དང་ལྔ་བརྒྱ་ལྷག་ལ་འཇབ་རྒོལ་བྱས་ཡོད་ཟེར།

ཕཱ་ལེ་སི་ཐན་གྱི་གློག་འཕྲིན་ཀུང་ཟི་ཡིས་ཚེས་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་ས་ཁུལ་གྱི་འཕྲིན་གཏོང་དང་དྲ་རྒྱ་ཕྱོགས་ཡོངས་ནས་ཆད་པ་དང་། དེ་ནི་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་གྱི་ཚུན་ལ་ས་ཁུལ་དེར་ཐེངས་གསུམ་པར་འཕྲིན་གཏོང་དང་དྲ་རྒྱ་ཆད་པ་རེད།

ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ལྔ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་ས་མི་སྟོང་དགུ་དང་བདུན་བརྒྱ་བདུན་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་གཉིས་དང་སྟོང་བཞི་བརྒྱད་བརྒྱར་རྨས་ཕོག་ཡོད་ཟེར།

དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་ཚེས་ལྔ་ཉིན་བྱང་ཕྱོགས་ས་ཁུལ་ནས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་བར་མུ་མཐུད་དུ་འཁྲུག་རྩོད་བྱས། དབྱི་སི་རལ་གྱི་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་ཧཱ་ལའེ་ཝེ་ཡིས་ཉིན་དེར་དབྱི་སི་རལ་བྱང་ཕྱོགས་ས་ཁུལ་ནས་འཐབ་འཛིང་དམག་དཔུང་ལ་ལྟ་སྐོར་བྱེད་སྐབས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་དུས་ངེས་མེད་དུ་བྱང་ཕྱོགས་ས་ཁུལ་ནས་དཔུང་འཇུག་བྱེད་པར་གྲ་སྒྲིག་བྱེད་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།