ཅོར་ཏན་རྒྱལ་ཁབ་ཀྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚེས་བཞི་ཉིན་བཤད་རྒྱུར། ཅོར་ཏན་གཙང་བོའི་ནུབ་འགྲམ་དང་ཅཱ་ཧྲ་ས་ཁུལ་གང་ཡིན་ཡང་ཕཱ་ལེ་སི་ཐན་གྱི་ཁག་ཅིག་ཡིན་ལ། ཁོས་ཕཱ་ལེ་སི་ཐན་ཁ་བྲལ་དུ་གཏོང་བའི་གཡོ་ཇུས་གང་རུང་དང་ལེན་བྱེད་མི་སྲིད་ཟེར།
ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་རབ་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱི་མིག་སྔའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཐུན་སྦྱོར་ཚོགས་འདུ་ཉིན་དེར་ཅོར་ཏན་གྱི་རྒྱལ་ས་ཨན་མན་ནས་བསྡུས་པ་དང་། ཅོར་ཏན་དང་ཨེ་ཅིབ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁཱ་ཐར་སོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་། ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཚོགས་འདུར་ཞུགས། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཚོགས་ཞུགས་མཁན་ལ་ཐུག་འཕྲད་བྱེད་སྐབས་གོང་གི་སྐད་ཆ་དེ་བཤད་པ་རེད།
གསལ་སྒྲོག་ལས་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཨ་རབ་རྒྱལ་ཁབ་བར་དུ་མཐུན་སྦྱོར་སྲུང་འཛིན་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཨ་རབ་རྒྱལ་ཁབ་དག་གིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སྔར་ལས་ཛ་དྲག་ཏུ་འགྱུར་བར་བཀག་འགོག་བྱེད་པར་སྐུལ་འདེད་གཏོང་བའི་འགན་འཁྲི་ཡོད་པར་མ་ཟད། མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་པར་འདོད།
ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ད་རུང་འཁྲུག་རྩོད་མུ་མཐུད་དུ་བྱུང་ན་ས་ཁུལ་ཧྲིལ་བོར་ཉེན་ཁ་ཚབས་ཆེན་བཟོ་སྲིད་པའི་ཉེན་བརྡ་བཏང་། ཁོས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཆབ་སྲིད་ལ་བརྟེན་ནས་ཕཱ་ལེ་སི་ཐན་གྱི་གནད་དོན་ཐག་གཅོད་བྱེད་པ་ནི་ཐར་ལམ་ཉག་ཅིག་ཡིན་ཟེར།
དེ་ལས་གཞན་ཅོར་ཏན་རྒྱལ་བོའི་ཕོ་བྲང་གིས་སྤེལ་བའི་གསལ་སྒྲོག་གཞན་ཞིག་ཏུ་བཤད་རྒྱུར། ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་ཉིན་དེར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་ལ་ཐུག་འཕྲད་བྱེད་སྐབས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་བ་དང་། ཅཱ་ཧྲ་ས་ཁུལ་དུ་བསྟུད་མར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ཁག་ཐེག་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།