ཧོང་ཏུ་ར་སིའི་ཕྱི་འབྲེལ་བློན་ཆེན་ལོས་ནཱ་ཡིས་ཚེས་བཞི་ཉིན་བསྟན་དོན། ཨ་མེ་རི་ཁས་ཧོང་ཏུ་ར་སི་ནས་གནས་སྐབས་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་དང་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་གཞོན་པ་བསྐོ་འཇོག་བྱེད་པའི་ཐད་ནས་ཧོང་ཏུ་ར་སིའི་ནང་སྲིད་ལ་ཐེ་གཏོགས་བྱས་ཡོད་ཟེར།
ཧོང་ཏུ་ར་སི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་ཚེས་གསུམ་ཉིན་ཧོང་ཏུ་ར་སི་ནས་ཉེ་སྔོན་བྱུང་བའི་དྲག་ཤུགས་དོན་རྐྱེན་དང་བྱ་སྤྱོད་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཧོང་ཏུ་ར་སི་ཕྱོགས་ཀྱིས་གོང་སྨྲས་ཀྱི་མི་སྣ་བསྐོ་འཇོག་བྱེད་སྐབས་ཚབ་གྲོས་ལམ་ལུགས་ཀྱི་དམངས་གཙོའི་ཡིད་ཆེས་ཞན་བསྒྱུར་བྱས་ཡོད་ཟེར།
ལོས་ནཱ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་ནས་དོན་དེར་ལན་བྱིན་པ་རེད། ཧོང་ཏུ་ར་སི་ཕྱོགས་ཀྱིས་ཕྱི་ཕྱོགས་ཀྱིས་ཧོང་ཏུ་ར་སིའི་ནང་སྲིད་ལ་ཐེ་གཏོགས་བྱེད་པ་དང་ལེན་བྱེད་མི་སྲིད་ཟེར། ཧོང་ཏུ་ར་སིའི་རྒྱལ་དམངས་གྲོས་ཁང་གི་རྒྱུན་སྡོད་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དང་བདུན་དང་ཉིས་བརྒྱ་དང་བརྒྱད་གཞིར་བཟུང་སྟེ། ཁྲིམས་མཐུན་གྱིས་གནས་སྐབས་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་དང་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་གཞོན་པ་བསྐོ་འཇོག་བྱེད་སྲིད་ཟེར།
ཧོང་ཏུ་ར་སིའི་རྒྱལ་དམངས་གྲོས་ཁང་གི་རྒྱུན་སྡོད་ཨུ་ཡོན་ལྷན་ཁང་གིས་ཚེས་བཞི་ཉིན་སེ་ལཱ་ཡཱ་གནས་སྐབས་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་དང་། མའོ་ལཱ་ཙན་གནས་སྐབས་ཀྱི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་གཞོན་པར་བསྐོ་འཇོག་བྱས་པ་རེད།
སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཧོང་ཏུ་ར་སིའི་ཆབ་སྲིད་སྟོབས་ཤུགས་སོ་སོའི་འགལ་བའི་དབང་གིས་ཟླ་དགུ་བའི་ཚེས་གཅིག་ཉིན་ཞིབ་དཔྱོད་དཔོན་པོ་གསར་བ་གདམ་མ་ཐུབ་པ་དང་། ཐེངས་འདིའི་བསྐོ་འཇོག་ལས་ཧོང་ཏུ་ར་སིའི་སྲིད་ཏང་དང་ངོ་རྒོལ་ཕྱོགས་ཁག་བར་འཁྲུག་རྩོད་འབྱུང་དུ་བཅུག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།