ཀུའེ་ནེ་ཡཱའི་སྔོན་ཆད་ཀྱི་དམག་དོན་སྲིད་གཞུང་གི་མགོ་ཁྲིད་པ་བཙོན་གཡོལ་བྱས་པའི་དོན་རྐྱེན་ལས་མི་དགུ་རྐྱེན་ལམ་དུ་ཤོར།
2023.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 19

ཀུའེ་ནེ་ཡཱའི་ཁི་ནཱ་ཁི་ལི་གོང་གཏུག་ཁྲིམས་ཁང་གིས་ཚེས6ཉིན་གསལ་སྒྲོག་སྤེལ་ཏེ། མིག་སྔར་བྱུང་བའི་ཀུའེ་ནེ་ཡཱའི་སྔོན་ཆད་ཀྱི་དམག་དོན་སྲིད་གཞུང་གི་མགོ་ཁྲིད་པ་བཙོན་གཡོལ་བྱས་པའི་དོན་རྐྱེན་ལས་མི་དགུ་རྐྱེན་ལམ་དུ་ཤོར་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་མི་ལ་ཀུའེ་ནེ་ཡཱའི་མི་སེར་དཀྱུས་མ་དང་། རྒྱལ་སྲུང་བདེ་འཇགས་དམག་དཔུང་གི་དམག་མི། དེ་མིན་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་བཅས་འདུས། གཞན་ཡང་ཉུང་མཐར་ཡང་མི་དྲུག་ལ་རྨས་ལྗིད་མོ་ཕོག་ཡོད་ལ། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཀུའེ་ནེ་ཡཱའི་བར་བརྒལ་སྲིད་གཞུང་གི་དམག་དཔུང་གིས་དྲག་ཆས་མི་སྣའི་རླངས་འཁོར་དང་མེ་མདའ། ལག་འབོམ་སོགས་གཞུང་བཞེས་བྱས་པ་དང་། དམག་དོན་ཞིབ་དཔྱོད་དཔོན་པོས་དོན་དེའི་ཐད་ནས་མུ་མཐུད་དུ་རྟོག་ཞིབ་བྱེད་རྒྱུ་རེད་ཟེར།

ས་དེའི་དུས་ཚོད་ཚེས4ཉིན་གྱི་ཞོགས་པའི་དུས་ཚོད5ཡས་མས་སུ། ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་མི་སྣ་སྐོར་ཞིག་ཀུའེ་ནེ་ཡཱའི་རྒྱལ་ས་ཁི་ནཱ་ཁི་ལིའི་ཁཱ་ལུའུ་མུའུ་ས་ཁུལ་གྱི་བཙོན་ཁང་དུ་ཡོང་ནས། ཀུའེ་ནེ་ཡཱའི་སྔོན་ཆད་ཀྱི་དམག་དོན་སྲིད་གཞུང་གི་མགོ་ཁྲིད་པ་ཁཱ་མཱ་ལཱ་དང་སྔོན་ཆད་ཀྱི་དམག་དོན་སྲིད་གཞུང་གི་དམག་དཔོན་བཙོན་གཡོལ་བྱེད་པར་རོགས་འདེགས་བྱས། བར་བརྒལ་སྲིད་གཞུང་གི་དམག་དཔུང་གིས་དེ་མ་ཐག་ཕྱིར་རྒོལ་ལན་སྤྲད་པ་རེད། ཁཱ་མཱ་ལཱ་ཉིན་དེའི་ཕྱི་དྲོར་བཟུང་ནས་ཕྱིར་བཙོན་ཁང་དུ་བསྐྱལ་ཡོད་ལ། མིག་སྔར་སྔོན་ཆད་ཀྱི་དམག་དོན་སྲིད་གཞུང་གི་དམག་དཔོན་ཞིག་བྲོས་བྱོལ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།