ཨ་ཧྥེ་རི་ཁ་ལྷོ་མས་དབྱི་སི་རལ་དུ་སྡོད་པའི་ཕྱི་འབྲེལ་དཔོན་པོ་ཕྱིར་བོས།
2023.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་བཞུགས་ཤག་གི་པུའུ་ཀྲང་ཨིན་ཐི་ཧྲ་ཝེ་ནེ་ཡིས་ཚེས6ཉིན་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལས་ཁུངས་ཀྱིས་དབྱི་སི་རལ་དུ་སྡོད་པའི་ཕྱི་འབྲེལ་མི་སྣ་ཚང་མར་ཕྱིར་འབོད་རྒྱུ་ཐག་བཅད་ཡོད་ཟེར།

ཨིན་ཐི་ཧྲ་ཝེ་ནེ་ཡིས་ཉིན་དེར་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་དབྱི་སི་རལ་གྱིས་མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་གྱི་སློབ་གྲྭ་དང་སྨན་ཁང་། མི་སེར་དཀྱུས་མ་བཅས་ལ་འགས་གཏོར་གཏོང་བའི་བྱེད་ཐབས་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རྒྱུ་ལམ་བཀག་པའི་བྱ་སྤྱོད་ལ་ཡིད་ཆད་པའི་ཚུལ་བསྟན། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་དབྱི་སི་རལ་དུ་སྡོད་པའི་ཕྱི་འབྲེལ་མི་སྣ་ཚང་མ་ཕྱིར་འབོད་རྒྱུ་ཐག་བཅོད་པ་རེད། བྱ་སྤྱོད་དེ་ལས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ས་ཁུལ་དེའི་གནས་བབ་ཐད་སྐྱོ་སྡུག་གི་ལྟ་སྟངས་བཟུང་ཡོད་པ་མཚོན་ཐུབ། ཨིན་ཐི་ཧྲ་ཝེ་ནེ་ཡིས་ཕྱིར་བོས་པའི་ཕྱི་འབྲེལ་དཔོན་པོའི་དུས་ཚོད་སོགས་བྱེ་བྲག་གི་ནང་དོན་གསལ་བོར་བསྒྲགས་མེད།

ཨིན་ཐི་ཧྲ་ཝེ་ནེ་ཡིས་ད་རུང་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་ཨ་ཧྥེ་རི་ཁ་ལྷོ་མར་སྡོད་པའི་དབྱི་སི་རལ་གྱི་གཞུང་ཚབ་གི་འབྲེལ་ཡོད་གཏམ་བཤད་ལ་མ་དགའ་བའི་ཚུལ་བསྟན་པ་དང་། རྒྱལ་སྤྱིའི་འབྲེལ་བ་དང་མཉམ་ལས་པུའུ་ཡིས་ཕྱི་འབྲེལ་གྱི་ཐབས་ལམ་དང་གྲོས་མཐུན་གྱི་ཁྱབ་ཁོངས་ནང་དེར་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་དགོས་པའི་མཛུབ་སྟོན་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།