ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་གྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་དང་གྲོས་མོལ་བྱེད་སྐབས། མྱུར་མོར་ཅཱ་ཧྲ་ས་ཁུལ་དུ་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།
པུའུ་ལིན་ཁུན་ཚེས་དྲུག་ཉིན་ཨན་ཁཱ་ལཱ་རུ་འབྱོར་ནས། ཧྥེ་ཏན་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ཐད་ནས་གསང་བའི་གྲོས་མོལ་བྱས་པ་རེད། གྲོས་མོལ་མཇུག་སྒྲིལ་རྗེས། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཧྥེ་ཏན་གྱིས་པུའུ་ལིན་ཁུན་ལ་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་དམངས་སྤྱོད་དམིགས་འབེན་ལ་འགས་གཏོར་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བྱེད་པ་དེ་དང་ལེན་བྱེད་ཐབས་མེད་ལ། མྱུར་མོར་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་ཟེར།
པུའུ་ལིན་ཁུན་གྱིས་གྲོས་མོལ་མཇུག་སྒྲིལ་རྗེས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མི་སེར་དཀྱུས་མའི་ཤི་རྨས་ཇེ་ཉུང་དུ་གཏོང་བའི་ཐད་ནས་གྲོས་བསྡུར་བྱས་པ་དང་། རྗེས་ཕྱོགས་ཀྱི་དུས་རིམ་ཞིག་གི་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་མཁོ་འདོན་གནད་དོན་ཐད་ནས་གྲུབ་འབྲས་ལོན་པར་རེ་བཞིན་ཡོད། ཁོས་བཤད་རྒྱུར། མི་གཏའི་གནད་དོན་དེ་ནང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། ཨ་མེ་རི་ཁས་གནད་དོན་དེ་དག་གི་ཐད་འབད་བརྩོན་བྱས་ཆོག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།