ཕོ་ལན་གྱི་ཙུང་ཐུང་གིས་ད་ལྟའི་ཙུང་ལིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་དགོས་པའི་རེ་བ་བཏོན།
2023.11.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27

ཕོ་ལན་གྱི་ཙུང་ཐུང་ཏུའུ་ཏཱ་ཡིས་ཚེས6ཉིན་ཁྱབ་བསྒྲགས་བྱས་དོན། སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་ལས་འགན་དེ་ད་ལྟའི་ཙུང་ལི། སྲིད་འཛིན་ཏང་གི་བཅའ་ཁྲིམས་དང་དྲང་བདེན་ཏང་ནས་ཡོང་བའི་མའོ་ལཱ་ཝེ་ཚི་ཅི་ལ་འཕྲོད་རྒྱུ་ཡིན་ཟེར།

ཏུའུ་ཏཱ་ཡིས་ཉིན་དེའི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། གྲོས་ཚོགས་ཀྱི་སྲོལ་རྒྱུན་ལྟར་ན། གྲོས་ཁང་གི་འདེམ་བསྐོའི་ཁྲོད་རྒྱལ་ཁ་ཐོབ་པའི་སྲིད་ཏང་ལ་སྲིད་གཞུང་རྩ་འཛུགས་བྱེད་པའི་གོ་སྐབས་ཐོབ་པ་ཡིན། དབྱེ་ཞིབ་དང་གྲོས་མོལ་བྱས་པ་བརྒྱུད། ཁོས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པའི་ལས་འགན་དེ་ཙུང་ལི་མའོ་ལཱ་ཝེ་ཚི་ཅི་ལ་སྤྲོད་རྒྱུ་ཐག་བཅད་པ་ཡིན། གལ་ཏེ་བཅའ་ཁྲིམས་དང་དྲང་བདེན་ཏང་གིས་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་པར་ཕམ་ཉེས་བྱུང་ན། གོ་རིམ་རྗེས་མར་དམངས་གྲོས་ཁང་གིས་ཙུང་ལིའི་མིང་འདོན་བྱས་ནས། ཁོས་མྱུར་མོར་ཁོ་རང་ལ་སྲིད་འཛིན་ལས་ཁུངས་རྩ་འཛུགས་བྱེད་དུ་འཇུག་རྒྱུ་ཡིན་ཟེར། ཏུའུ་ཏཱ་ཡིས་ནན་གྱིས་བསྟན་དོན། རྩ་ཁྲིམས་ལས་གཏན་འཁེལ་བྱས་པའི་སྒྲིག་སྲོལ་དང་ཡུན་ཚད་ཚང་མ་བརྩི་སྲུང་བྱེད་དགོས་ཟེར།

ཏུའུ་ཏཱ་ཡིས་ད་རུང་ཁྱབ་བསྒྲགས་བྱས་དོན། ཕོ་ལན་མི་དམངས་ཏང་ནས་ཡོང་བའི་སཱ་ཝེ་ཚི་ཅི་དམངས་གྲོས་ཁང་གི་གནས་སྐབས་ཀྱི་གྲོས་དཔོན་དུ་བསྐོ་འཇོག་བྱས་པ་དང་། སྐབས་གསར་བའི་གྲོས་ཁང་གི་གྲོས་དཔོན་འདེམ་རག་བར་འགན་ཁུར་དགོས། ཕོ་ལན་མི་དམངས་ཏང་ནི་བགྲོད་ལམ་གསུམ་པའི་མནའ་འབྲེལ་འཛུགས་མཁན་གྱི་སྲིད་ཏང་ཞིག་ཡིན་པ་དང་། སྐབས་གསར་བའི་གྲོས་ཁང་གིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་གྲོས་ཚོགས་ཐོག་མ་བསྡུ་རྒྱུ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།