མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་དལ་འགོར་གཏན་ནས་བྱེད་མི་རུང་བའི་ཚུལ་བསྟན།
2023.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས6ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་ཅཱ་ཧྲ་ས་ཁུལ་གྱི་གནོད་འཚེ་དབང་གིས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་དལ་འགོར་གཏན་ནས་བྱེད་མི་རུང་ཟེར།

ཀུའུ་ཐི་ལོས་སི་ཡིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་ཡ་ང་བའི་རྨི་ལམ་ནི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཙམ་མ་ཡིན་པར་མི་གཤིས་ཀྱི་ཉམས་ཉེན་ཞིག་རེད་ཟེར། ཁོས་ནན་གྱིས་བསྟན་དོན། ངེས་པར་དུ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་པ་གོ་གནས་གཙོ་བོར་འཇོག་དགོས་ལ། འཁྲུག་རྩོད་བྱེད་པའི་ཕྱོགས་ཁག་གང་ཡིན་རུང་རྒྱལ་སྤྱིའི་མི་ཆོས་ཁྲིམས་སྲོལ་སྣང་མེད་དུ་བསྐྱུར་མི་རུང་ཟེར།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་དེ་བྱིས་པའི་དུར་ས་ལྟ་བུར་འགྱུར་བཞིན་ཡོད་ཅིང་། ཉིན་རེ་བཞིན་བྱིས་པ་བརྒྱ་ཕྲག་མང་བོར་ཤི་རྨས་ཐེབས་བཞིན་ཡོད་ལ། ད་ལྟ་འབྱུང་བཞིན་པའི་གནོད་འཚེ་དེའི་དབང་གིས་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་དལ་འགོར་གཏན་ནས་བྱེད་མི་རུང་། འཁྲུག་རྩོད་ཕྱོགས་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཐུན་མོང་གི་དཀའ་སྡུག་དེ་མཚམས་འཇོག་ཏུ་འཇུག་དགོས་པར་མ་ཟད། ལྡབ་འགྱུར་གྱིས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཁོས་བསྟན་དོན། མིག་སྔར་ལཱ་ཧྥ་རྒྱུ་ལམ་བརྒྱུད་དེ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་བའི་རོགས་སྐྱོར་དངོས་རྫས་ལ་ཚད་ཡོད་པར་མ་ཟད་དེའི་ནང་མྱུར་དུ་མཁོ་བའི་འབར་རྫས་འདུས་མེད་ཟེར། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་དང་དེའི་མཉམ་ལས་གྲོགས་པོས་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཀྱི་མི་ཆོས་རིང་ལུགས་ཀྱི་མ་དངུལ་བསྡུས་ནས་ཅཱ་ཧྲ་ས་ཁུལ་དང་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་སྡོད་དམངས་ལ་རོགས་སྐྱོར་བྱེད་པའི་འབོད་སྐུལ་བཏང་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་ད་རུང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགུལ་སྐྱོད་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་དངོས་འབེབས་བྱེད་པ་དང་། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་བཀག་རྐྱེན་ཚང་མ་སེལ་དགོས་པའི་འབོད་སྐུལ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།