མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས6ཉིན་འགུལ་སྐྱོད་འཆར་གཞི་ཞིག་ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་བྱད་སྟེགས་བུའི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱེད་དགོས་པའི་འབོད་སྐུལ་བཏང་།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙུའུ་ལའེ་ཡིས་ཉིན་དེར་རྩ་འཛུགས་དེའི་ཧྥ་རན་སིའི་ཕཱ་རེ་སི་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་བཤད་རྒྱུར། སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་བྱད་སྟེགས་བུས་བརྡ་འཕྲིན་རྫུན་མ་དང་འཁོན་འཛིན་གྱི་གཏམ་བརྗོད་མྱུར་ཞིང་འུད་ཆེན་པོས་དྲིལ་སྒྲོག་བྱས་ཏེ། སྤྱི་ཚོགས་ཀྱི་གོང་བུར་འདྲིལ་ཤུགས་དང་ཞི་བདེ། གཏན་འཇགས་བཅས་ལ་ཉེན་ཁ་ཆེན་པོ་བཟོས་ཡོད་པས། ངེས་པར་དུ་མྱུར་མོར་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་བྱད་སྟེགས་བུའི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་དགོས་ཟེར།
སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་བྱད་སྟེགས་བུ་ཚད་ལྡན་དུ་གཏོང་བར་དམིགས་པའི་འགུལ་སྐྱོད་འཆར་གཞི་དེ་ལས་ཁེ་ཕན་འབྲེལ་བ་ཡོད་པའི་ཕྱོགས་ཚང་མས་བརྩི་དགོས་པའི་རྩ་དོན་དང་ལག་བསྟར་བྱེད་དགོས་པའི་བྱེ་བྲག་གི་བྱེད་ཐབས་རྒྱས་བཤད་བྱས་ཡོད།
མཚམས་སྦྱོར་བྱས་པ་ལྟར་ན། འགུལ་སྐྱོད་འཆར་གཞི་དེར་འཛམ་གླིང་ཁྱབ་ཁོངས་ཡོངས་སུ་གྲོས་མོལ་རྒྱ་ཆེར་བྱས་པ་བརྒྱུད་བཏོན་པའི་གཞི་རྩའི་རྩ་དོན་ལ། འཛམ་གླིང་ཡོངས་སུ་འགན་འཁྲི་གསལ་བོ་ཡིན་ཞིང་དེའི་ལས་འགན་ལག་བསྟར་གང་ལེགས་བྱེད་པའི་ཐོན་ཁུངས་འདང་ཚིམས་པ་ཡོད་པའི་སྒེར་ཚུགས་ཀྱི་སྤྱི་བའི་ལྟ་རྟོག་དོ་དམ་ལས་ཁུངས་འཛུགས་པ་དང་། སྒེར་ཚུགས་ཀྱི་ལྟ་རྟོག་དོ་དམ་ལས་ཁུངས་ཀྱིས་རོགས་ལས་དམ་ཟང་བྱས་ནས་རྒྱལ་ཁབ་སོ་སོའི་ལྟ་རྟོག་དོ་དམ་གྱི་བར་ཁྱད་དེ་ཁེ་ལས་རེ་འགས་བེད་སྤྱོད་བྱེད་པར་སྔོན་འགོག་བྱེད་པ། ས་ཁུལ་སོ་སོ་དང་སྐད་བརྡ་སོ་སོའི་ཁྲོད། གཞི་རྒྱ་ངེས་ཅན་ཡོད་པའི་ནང་དོན་དཔྱད་ཞིབ་བྱེད་ཆོག་ལ་དེར་ཕན་ནུས་ལྡན་པ་ཡིན། སྟེགས་བུའི་བརྩི་སྲོལ་དེ་མངོན་གསལ་ཡིན་དགོས་ལ་འགན་ཁུར་དགོས་པར་མ་ཟད། ཚད་བརྒལ་གྱིས་འགུག་ཤུགས་ལ་དོ་སྣང་བྱས་ནས་ཡིད་རྟོན་ལ་གནོད་པ་གཏོང་བར་སྔོན་འགོག་བྱེད་པ། ལྟ་རྟོག་དོ་དམ་ལས་ཁུངས་དང་སྟེགས་བུས་འདེམ་བསྐོ་དང་ཉམས་ཉེན་སོགས་དུས་སྐབས་གལ་ཆེན་ལ་དེའི་བྱེད་ཐབས་ལ་ཤུགས་སྣོན་པ་སོགས་འདུས།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། 2024ལོར་འདེམ་བསྐོའི་བྱ་འགུལ་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བཅུ་ལྷག་གི་མི་སྟོང་བརྒྱད་ལྷག་ལ་དམིགས་པའི་དམངས་ཀྱི་འདོད་བློའི་རྟོག་ཞིབ་ལས་མངོན་པ་ལྟར་ན། སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་བྱད་སྟེགས་བུ་དེ་མི་མང་ཆེ་བའི་བརྡ་འཕྲིན་གྱི་ཡོང་ཁུངས་དང་པོར་གྱུར་ཡོད་ཅིང་། བརྒྱ་ཆའི་གྱ་བདུན་གྱི་བཅར་འདྲི་དང་ལེན་མཁན་གྱིས་བལྟས་ན་བརྡ་འཕྲིན་རྫུན་མས་རང་གི་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པར་འདོད་ལ། བརྒྱ་ཆའི་གྱ་བརྒྱད་ཀྱི་བཅར་འདྲི་དང་ལེན་མཁན་གྱིས་སྲིད་གཞུང་དང་ལྟ་རྟོག་དོ་དམ་ལས་ཁུངས་ཀྱིས་སྤྱི་ཚོགས་འབྲེལ་འདྲིས་ཀྱི་སྨྱན་བྱད་སྟེགས་བུ་ཚད་ལྡན་དུ་གཏོང་བ་ལ་བརྟེན་ནས་གནད་དོན་ཐག་མྱུར་མོར་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།