ཧཱ་ཝ་ནཱའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་སྐབས་སོ་དགུ་པ་ཚེས6ཉིན་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱའི་ཉེ་འདབས་ཀྱི་ཁུ་པཱའི་འགྲེམ་ཚོགས་ལྟེ་གནས་སུ་མགོ་བརྩམས་པ་དང་། རྒྱལ་ཁབ་དང་ས་ཁུལ་དྲུག་ཅུ་ལྷག་གི་ཁེ་ལས་བརྒྱད་བརྒྱ་ལྷག་འགྲེམ་སྟོན་ལ་ཞུགས་ཡོད།
ཁུ་པཱ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཏིས་ཡཱ་སི་ཁཱ་ནེ་ཨར་མགོ་རྩོམ་པའི་མཛད་སྒོར་ཞུགས་པར་མ་ཟད་འགྲེམ་སྟོན་བྱེད་ས་སྐོར་ཞིག་ཏུ་ལྟ་ཞིབ་བྱས་ནས་འགྲེམ་སྟོན་ཚོང་བའི་བར་བརྗེ་རེས་གླེང་མོལ་བྱས།
ཁུ་པཱའི་ཙུང་ལི་གཞོན་པའམ་ཕྱི་ཕྱོགས་ཉོ་ཚོང་ཕྱི་དངུལ་པུའུ་ཡི་པུའུ་ཀྲང་ཁཱ་པུའུ་ལི་སཱ་སི་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། འགྲེམ་སྟོན་ལས་རྒྱལ་སྤྱིའི་ཉོ་ཚོང་དང་ཕྱི་དངུལ་ནང་འགུག་ལ་སྐུལ་འདེད་གཏོང་བ་དང་། དུས་ཡུན་ཐུང་འབྲིང་རིང་གསུམ་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས། ཕྱིར་གཏོང་ནང་འདྲེན་གྱི་ཁེ་ལས་དག་གི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཐུབ་པར་རེ་བཞིན་ཡོད་ཟེར། ཁཱ་པུའུ་ལི་སཱ་སི་ཡིས་བཤད་རྒྱུར། ཁུ་པཱའི་ཚོང་ར་དེ་དཔལ་འབྱོར་དང་ཚོང་ལས་ཀྱི་སྦས་ཤུགས་དབང་གིས་ཕྱི་དངུལ་ལ་འགུག་ཤུགས་ངེས་ཅན་ལྡན་པ་དང་། ཁུ་པཱའི་ཡུལ་བབ་ཁྱད་སྟོབས་ནི་ལཱ་ཏེན་མེ་གླིང་དང་འཛམ་གླིང་ཡོངས་ཀྱི་ས་ཁུལ་སོ་སོ་གཅིག་ཏུ་སྦྲེལ་བའི་མེད་དུ་མི་རུང་བའི་འབྲེལ་ཟམ་ལྟ་བུ་ཡིན་ཟེར།
ཧཱ་ཝ་ནཱའི་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་ནི1983ལོ་ནས་སྤེལ་མགོ་བརྩམས་པ་དང་། ཁུ་པཱའི་ཆེས་གལ་ཆེ་བའི་ཚོང་ལས་འགྲེམ་སྟོན་ཚོགས་འདུ་ཞིག་ཡིན་ལ། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་ཆེས་གལ་ཆེ་བའི་འགྲེམ་སྟོན་ཞིག་ཀྱང་ཡིན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ཚེས་བཅུ་གཅིག་ཉིན་བར་སྤེལ་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།