ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་དང་ཧྥ་ཐཱ་ཧིའི་མཐོ་རིམ་དཔོན་པོས་ཅཱ་ཧྲ་ས་ཁུལ་ནས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།
2023.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་ཚེས7ཉིན་རྒྱལ་ས་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་ཕཱ་ལེ་སི་ཐན་མི་རིགས་བཅིངས་འགྲོལ་ལས་འགུལ་ཧྥ་ཐཱ་ཧིའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལཱ་ཀྲུའུ་པུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་ནས་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་འཁྲུག་རྩོད་མཚམས་འཇོག་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཧྲུའུ་ཁའེ་ལི་དང་ལཱ་ཀྲུའུ་པུའུ་གཉིས་ཀྱིས་གྲོས་མོལ་བྱེད་སྐབས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་འཕེལ་རྒྱས་དང་རིམ་པ་སོ་སོ་ནས་འཁྲུག་རྩོད་ཀྱི་ཤུགས་རྐྱེན་ཚོད་འཛིན་བྱེད་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས་པ་དང་། ཕྱོགས་གཉིས་ཀྱིས་ད་རུང་མིག་སྔའི་འཁྲུག་རྩོད་མཇུག་སྒྲིལ་བ་དང་ཕཱ་ལེ་སི་ཐན་མང་ཚོགས་ཀྱི་དཀའ་སྡུག་ཇེ་ཡང་དུ་གཏོང་བའི་དགོས་ངེས་ཀྱི་བྱེད་ཐབས་ཐད་ནས་བསམ་འཆར་བརྗེ་རེས་བྱས།

གསལ་སྒྲོག་ལས་ཧྲུའུ་ཁའེ་ལིའི་སྐད་ཆ་དྲངས་ནས་བཤད་རྒྱུར། ངེས་པར་དུ་མྱུར་མོར་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་དགོས་པ་དང་། རྒྱལ་སྤྱིའི་མི་ཆོས་ཁྲིམས་སྲོལ་བརྩི་སྲུང་བྱས་ནས། རྒུད་སྐྱོབ་དངོས་རྫས་དག་བཀག་མེད་དུ་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་དུ་འཇུག་དགོས་ཟེར། ཧྲུའུ་ཁའེ་ལི་ཡིས་རྒྱལ་ཁབ་རེ་འགས་ཚད་གཞི་ཟུང་ལྡན་སྤྱད་ཅིང་། རང་སྲུང་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བར་ཁ་གཡར་ནས། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་ཉམས་ཉེན་མཇུག་སྒྲིལ་བ་དང་དབྱི་སི་རལ་གྱི་བཙན་འཛུལ་ལ་བཀག་འགོག་བྱེད་པའི་ཐད་ནས་གྲོས་མཐུན་འགོད་པར་བར་ཆད་བཟོ་རྩིས་བྱས་པར་ངོ་རྒོལ་བྱས།

ཧྲུའུ་ཁའེ་ལི་ཡིས་ནན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་གཞིར་བཟུང་ནས་ཕྱོགས་ཡོངས་ཀྱི་ཞི་བདེ་མཉམ་གནས་མངོན་འགྱུར་བྱེད་པ་ནི་ད་གཟོད་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་དུས་ཡུན་རིང་བོའི་འཁྲུག་རྩོད་ཐག་གཅོད་བྱེད་པའི་ཐབས་ལམ་ཞིག་རེད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ལཱ་ཀྲུའུ་པུའུ་ཡིས་ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས་པར་མ་ཟད། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཕྱོགས་གཉིས་དང་རྒྱལ་སྤྱིའི་རིམ་པ་ནས་ཨེ་ཅིབ་བར་མཐུན་སྦྱོར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།


བསོད་ནམས་ཚེ་རིང་གིས་བསྒྱུར།