ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་སི་ཐཱ་ཡིས་ལས་སྐྱུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
2023.11.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ11ཚེས7ཉིན། ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་སི་ཐཱ་ཡིས་རྒྱལ་ས་ལི་སི་པིན་ནས་ལས་སྐྱུར་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཕུའུ་ཐའོ་ཡཱའི་ཙུང་ལི་ཁི་སི་ཐཱ་ཡིས་རུལ་སུངས་གྱོད་དོན་གྱི་རྟོག་ཞིབ་དབང་གིས་ཚེས7ཉིན་རྒྱལ་ཡོངས་ཀྱི་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་ལས་སྐྱུར་དགོངས་ཞུ་བྱས་པ་རེད།

ཁི་སི་ཐཱ་ཡིས་བརྙན་འཕྲིན་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཁོ་རང་ལ་ཉེས་དོན་ཞུ་གཏུག་བྱེད་ངེས་རེད་ཟེར། གནས་ཚུལ་དེར་ང་རང་ཧ་ལས་ཡོད་ཟེར། ཁོས་ཁྲིམས་འཛིན་མ་ལག་ལ་གཞོགས་འདེགས་གང་ལེགས་བྱས་ནས་དོན་དངོས་གསལ་འབྱེད་བྱེད་འདོད་ཡོད་པར་ཁག་ཐེག་བྱས་པ་ཡིན་ཟེར། ཁོས་ཙུང་ཐུང་ཏི་སོ་སཱ་ལ་དངོས་སུ་ལས་སྐྱུར་དགོངས་ཞུའི་སྙན་ཞུ་སྤྲད་ནས་ཆོག་མཆན་ཐོབ་ཡོད་ཟེར།

གསར་འགོད་པའི་དྲི་བར་ལན་འདེབས་སྐབས་ཁི་སི་ཐཱ་ཡིས་ཡང་བསྐྱར་ཙུང་ལིའི་འདེམ་བསྐོའི་འགྲན་རྩོད་ལ་ཞུགས་མི་སྲིད་ཟེར།

ཕུའུ་ཐའོ་ཡཱའི་ཉེན་རྟོག་ཕྱོགས་དང་སྤྱི་ཁྱབ་ཞིབ་དཔྱོད་ཁང་གིས་ཉིན་དེའི་སྔ་དྲོར་རྒྱལ་ཡོངས་སུ་མཉམ་འབྲེལ་གྱིས་སྔོག་བཤེར་འགུལ་སྐྱོད་ཆེན་པོ་སྤེལ་ཏེ། ཁི་སི་ཐཱ་ཡི་གཞུང་སྒྲུབ་ཁང་དང་བཞུགས་ཤག པུའུ་ཀྲང་མང་བོའི་གཞུང་སྒྲུབ་ཁང་ལ་སྔོག་བཤེར་བྱས་པ་དང་། ཙུང་ལིའི་སྒེར་གྱི་བློ་འདོན་པ་ཏིས་ཨོ་ཀི་མཱ་ཁྲ་ཏའོ་དང་ཞེ་ནེ་ཧྲི་གྲོང་ཁྱེར་གྱི་ཧྲི་ཀྲང་མཱ་སི་ཁཱ་ལོན་ཧཱ་སི། དེ་མིན་ཞེ་ནེ་ཧྲི་གྲོང་ཁྱེར་གྱི་ཀུང་ཟི་ཞིག་གི་མཐོ་རིམ་དོ་དམ་མི་སྣ་གཉིས་བཅས་འཛིན་བཟུང་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།