མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་འདོན་སྤྲོད་བྱས་པའི་ནམ་ཟླའི་བབ་བསྟུན་གྱི་མ་དངུལ་མི་འདང་བར་མངོན།
2023.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གིས་ཉེ་སྔོན་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོའི་བབ་བསྟུན་བར་ཁྱད་ཀྱི་སྙན་ཞུ་མངོན་པ་ལྟར་ན། མིག་སྔར་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་བསྡུ་རུབ་བྱས་པའི་མ་དངུལ་དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་གི་བབ་དང་བསྟུན་པར་རོགས་རམ་བྱེད་ཐབས་མེད་པ་དང་། ཚོད་དཔག་བྱས་ན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མཁོ་བའི་བབ་བསྟུན་མ་དངུལ་གྱི་བཅུ་ཆའི་གཅིག་ནས་བཅོ་བརྒྱད་ཆའི་གཅིག་ཙམ་ལས་མེད་ཟེར།

སྙན་ཞུ་ལས་བསྟན་དོན། དཔེ་དབྱིབས་ཚོད་རྩིས་ལྟར་ན། མིག་སྔར་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་ནམ་ཟླའི་འགྱུར་ལྡོག་གི་བབ་དང་བསྟུན་པར་མཁོ་བའི་མ་དངུལ་མེ་སྒོར་ཁྲག་ཁྲིག་གཉིས་དང་ཐེར་ཆེན་གཅིག་ཐེར་འབུམ་ལྔ་ནས་ཁྲག་ཁྲིག་གསུམ་དང་ཐེར་ཆེན་བརྒྱད་ཐེར་འབུམ་བདུན་ཡིན་ཡང་། ཉིས་སྟོང་ཉེར་གཅིག་ལོར་རྒྱལ་ཁབ་དག་ལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ནས་འབྱོང་བའི་ནམ་ཟླའི་བབ་བསྟུན་མ་དངུལ་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་ཙམ་ལས་མེད་པ་དང་། ཉིས་སྟོང་ཉི་ཤུ་ལོ་ལས་བརྒྱ་ཆའི་བཅོ་ལྔ་ཇེ་དམའ་རུ་སོང་ཡོད་ལ། མེ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་དགུ་ཐེར་འབུམ་བཞི་ནས་ཁྲག་ཁྲིག་གསུམ་དང་ཐེར་ཆེན་དྲུག་ཐེར་འབུམ་དྲུག་ཆད་ཡོད་ཟེར།

འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ལས་ཐན་སྐྱོན་དང་རི་མགོའི་མེ་སྐྱོན། ཆུ་ལོག་སོགས་ཀྱི་གནོད་འཚེ་ཇེ་མང་དུ་འགྲོ་བཞིན་ཡོད་ཅིང་། མ་དངུལ་གནད་དོན་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་དགོས་ངེས་ཀྱི་འགུལ་སྐྱོད་སྤེལ་བར་གནོད་པ་བཟོ་བའི་བཀག་རྒྱ་ཆེས་ཆེན་པོ་ཞིག་ཏུ་གྱུར་ཡོད།

ཉིས་སྟོང་དགུ་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་ཀི་པིན་ཧཱ་ཀིན་ཚོགས་ཆེན་སྟེང་འཛམ་གླིང་ཡོངས་ཀྱི་ནམ་ཟླའི་འགྱུར་ལྡོག་ཐད་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་དགོས་པའི་དར་རྒྱས་ཆེ་བའི་རྒྱལ་ཁབ་དག་གིས་ཉིས་སྟོང་ཉི་ཤུ་ལོའི་བར་ལོ་རེ་བཞིན་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་ལ་མེ་སྒོར་ཁྲག་ཁྲིག་གཅིག་གི་ནམ་ཟླའི་མ་དངུལ་གྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཀྱང་། ད་ལྟའི་བར་དུ་དམ་བཅའ་དེ་ལག་བསྟར་བྱས་མེད།


བསོད་ནམས་ཚེ་རིང་གིས་བསྒྱུར།