ཧིན་རྡུ་ཉི་ཞི་ཡཱའི་མཱ་ལུའུ་ཀུའུ་ཞིང་ཆེན་གྱི་ཉེ་འདབས་མཚོ་ཁོངས་སུ་ཚེས8ཉིན་ཚད་རིམ་བདུན་དང་གྲངས་ཆུང་གཉིས་ཀྱི་ས་ཡོམ་བྱུང་། མིག་སྔར་མི་སྣར་ཤི་རྨས་དང་རྒྱུ་ནོར་གྱོང་གུད་བྱུང་བའི་སྙན་ཞུ་བསྒྲགས་མེད།
ཧིན་རྡུ་ཉི་ཞི་ཡཱའི་ནམ་ཟླ་དང་གནམ་གཤིས། སའི་གོ་ལའི་དངོས་ལུགས་ཅུའུ་ཡི་དྲ་ཚིགས་ཀྱིས་བསྒྲགས་པ་ལྟར་ན། ས་ཡོམ་དེ་ས་དེའི་སྔ་དྲོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ང་གཉིས་སྟེང་བྱུང་བ་དང་། ས་ཡོམ་བྱུང་ས་གཙོ་བོ་ནི་མཱ་ལུའུ་ཀུའུ་ཞིང་ཆེན་གྱི་ཐཱ་ཉིང་པཱ་ཨར་གླིང་ཚོམས་རྫོང་གི་ནུབ་བྱང་མཚམས་ཀྱི་སྤྱི་ལེ་ཉིས་བརྒྱ་དང་ང་གཅིག་གི་མཚམས་ཀྱི་མཚོ་ཁོངས་ཡིན་པ་དང་། མཱ་ལུའུ་ཀུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨན་ཝུན་བར་ཧ་ལམ་སྤྱི་ལེ་སུམ་བརྒྱ་དང་ཞེ་གཅིག་ཡོད་ལ། ས་ཡོམ་གྱི་གཏིང་ཚད་ལ་སྤྱི་ལེ་བཅུ་ཡོད་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་ནམ་ཟླ་དང་གནམ་གཤིས། སའི་གོ་ལའི་དངོས་ལུགས་ཅུའུ་ཡིས་ཟིན་ཐོར་བཀོད་པ་ལྟར་ན། ས་ཡོམ་བྱུང་ས་གཙོ་བོ་དང་ཅུང་ཉེ་བའི་གླིང་ཕྲན་དུ་ས་ཡོམ་གྱི་ཚོར་སྣང་ཡོད་པ་རེད། ཅུའུ་དེ་ཡིས་ཐེངས་འདིའི་ས་ཡོམ་ལས་རྒྱ་མཚོ་འཕྱུར་བའི་ཉེན་བརྡ་བཏང་མེད་ཀྱང་། ས་ཡོམ་བྱུང་ས་གཙོ་བོའི་ཉེ་འཁོར་དུ་ས་ཡོམ་ཆུང་བ་འབྱུང་སྲིད་པའི་ཉེན་བརྡ་བཏང་ཡོད།
ཨ་མེ་རི་ཁའི་ས་གཤིས་རྟོག་དཔྱོད་ཅུའུ་ས་ཡོམ་བརྡ་འཕྲིན་དྲ་རྒྱས་བསྒྲགས་པ་ལྟར་ན། ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་ནི་དྲུག་དང་གྲངས་ཆུང་དགུ་ཡིན་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།