རྒྱུད་གཅིག་ལམ་གཅིག་གི་གཅིག་འབྲེལ་གཅིག་བརྟེན་དང་ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་མཐོ་རིམ་གླེང་སྟེགས་ཝན་ཞང་ནས་སྤེལ།
2023.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱུད་གཅིག་ལམ་གཅིག་གི་གཅིག་འབྲེལ་གཅིག་བརྟེན་དང་ལག་རྡང་སྦྲེལ་ནས་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་མཐོ་རིམ་གླེང་སྟེགས་ཚེས6ཉིན་ལའོ་ཝའོ་ཡི་རྒྱལ་ས་ཝན་ཞང་ནས་སྤེལ། ཚོགས་ཞུགས་མཁན་གྱིས་ཀྲུང་གོ་དང་ལའོ་ཝའོ་ཡིས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཐད་ནས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ཀྲུང་གོ་དང་ལའོ་ཝའོ་ཡི་ལྕགས་ལམ་གྱིས་ལའོ་ཝའོ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བསྐྲུན་པའི་འགྱུར་ལྡོག་ཆེན་པོ་མཉམ་སྤྱོད་བྱས།

གླེང་སྟེགས་དེ་ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཅུའུ་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དྲིལ་སྒྲོག་ལྟེ་གནས་དང་། ལའོ་ཝའོ། ཐེ་གོའི་རིག་མཛོད། ལའོ་ཝའོ་ཡི་ཀྲུང་ཧྭ་སྤྱིའི་ཚོང་ཚོགས་བཅས་ཀྱིས་མཉམ་འབྲེལ་བྱས་ནས་སྤེལ་བ་ཡིན་ཞིང་། ཀྲུང་གོ་དང་ལའོ་ཝའོ། ཐེ་གོ་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་དང་། རིག་མཛོད། ཚོང་དོན་ལས་རིགས། སློབ་མའི་འཐུས་མི་བཅས་མི་སུམ་བརྒྱ་ཙམ་གླེང་སྟེགས་ལ་ཞུགས།

ལའོ་ཝའོ་སྔོན་ཆད་ཀྱི་ཙུང་ལི་སུང་ཧྲ་ཝ་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོ་དང་ལའོ་ཝའོ་ཡིས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་དང་ལག་རྡང་སྦྲེལ་ནས་ལའོ་ཝའོ་དང་ཀྲུང་གོའི་ལས་སྐལ་ཐུན་མོང་ཚོགས་པ་བཙུགས་པའི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས་པ་དང་། ཁོས་རྒྱུད་གཅིག་ལམ་གཅིག་གི་གྲོས་འདོན་ལས་གཅིག་འབྲེལ་གཅིག་བརྟེན་ལ་སྐུལ་འདེད་བཏང་ནས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས་པར་མ་ཟད། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད་ཟེར།

ལའོ་ཝའོ་རུ་སྡོད་པའི་ཀྲུང་གོའི་གཞུབ་ཚབ་ཁང་གི་གནས་སྐབས་ཀྱི་ཚབ་སྒྲུབ་པ་ཝང་ཁྲང་གིས་ཞུ་ཚིག་ཕུལ་ཏེ། སྐབས་གསུམ་པའི་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་རྙོག་དྲ་ཆེ་བའི་འཛམ་གླིང་ལ་རྩ་ཆེ་བའི་གཏན་འཇགས་རང་བཞིན་དང་དྲང་ཕྱོགས་ནུས་ཚད་ཆེན་པོ་བཏོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝའོ་དང་མཉམ་དུ་ཤུགས་ཆེན་པོས་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པ་མཉམ་འཛུགས་བྱེད་པའི་ལོ་ལྔའི་འགུལ་སྐྱོད་འཆར་གཞི་གསར་བ་དངོས་འབེབས་བྱེད་པ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པར་འབད་བརྩོན་བྱས་ནས་མིག་དཔེ་སྟོན་འདོད་ཡོད་ཟེར།

ཐེ་གོའི་སྔོན་ཆད་ཀྱི་ཙུང་ལི་གཞོན་པ་ཕིས་ཉི་ཡིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱས་པ་ལས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཅིག་འབྲེལ་གཅིག་བརྟེན་ལ་སྔར་ལས་ཤུགས་སྣོན་བྱས་པ་དང་། ཉོ་ཚོང་དངུལ་གཏོང་ལྡབ་འགྱུར་གྱིས་ཇེ་མང་དུ་སོང་ཡོད་ལ། མི་སྣའི་འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་སོང་ཡོད་པས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་ཀྱི་གྲུབ་འབྲས་ནི་མིག་མཐོག་ལག་ཟིན་རེད་ཟེར།

ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཅུའུ་ཡི་ཅུའུ་ཀྲང་གཞོན་པའམ་སྤྱིའི་རྩོམ་སྒྲིག་པ་ཀའོ་ཨན་མེན་གྱིས་བརྙན་རིས་ཞུ་ཚིག་ཕུལ་ཏེ། ཀྲུང་གོ་དང་ལའོ་ཝའོ་ཡིས་སྔར་ལས་ལྷག་པའི་སྒོ་ནས་སྨྱན་བྱད་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་གཏམ་རྒྱུད་གླེང་བ། རིག་མཛོད་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཕན་ཚུན་གྱི་རྒྱལ་སྐྱོང་སྲིད་འཛིན་ཉམས་མྱོང་དཔེར་ལེན་པ། ཕན་ཚུན་བར་གྱི་རྒྱུས་ལོན་དང་ཡིད་ཆེས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ལའོ་ཝའོ་ཡི་མཛའ་མཐུན་གྱི་ཆེད་དུ་རྨང་གཞི་བརྟན་པོ་འདིང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།