ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུའི་གྲོས་གཞི་བཏོན།
2023.11.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བརྒྱད་ཉིན་སྤེལ་བའི་ཉིས་སྟོང་ཉེར་གསུམ་ལོར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་དཔྱད་འཇོག་སྙན་ཞུ་ལས། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་མགོ་རྩོམ་རྒྱུའི་གྲོས་གཞི་བཏོན་ཡོད།

དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཝུའུ་ཁི་ལན་དང་མའོ་ཨར་ཏའོ་ཝ་ཡིས་གནད་འགག་བྱེད་ཐབས་ལག་བསྟར་བྱས་རྗེས། རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་སྒྲོམ་གཞིར་གྲོས་མཐུན་འགོད་དགོས་པའི་གྲོས་གཞི་བཏོན། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་སང་ལོའི་ཟླ་གསུམ་པའི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ལ་རྒྱལ་ཁབ་དེ་གཉིས་ཀྱིས་གནད་འགག་བྱེད་ཐབས་སྤྱད་པའི་གནས་ཚུལ་སྙན་ཞུ་བྱེད་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། ཝུའུ་ཁི་ལན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་གྲོས་གཞི་བཏོན་པའི་བྱེད་ཐབས་སྣ་བདུན་གྱི་སྟེང་ངོ་བོ་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་ཡོད་པ་དང་། དེའི་ནང་རྩ་ཁྲིམས་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་འདེམ་བསྐོའི་ལམ་ལུགས་མངོན་གསལ་དུ་གཏོང་བ་དང་། ཁྲིམས་འཛིན་བཅོས་སྐྱོང་ལས་ཁུངས་བཅོས་བསྒྱུར་བྱེད་པ། མཐོ་རིམ་རུལ་སུངས་ལ་ཆམ་ཕབ་གཏོང་བ། ཡོ་རོབ་གླིང་མནའ་འབྲེལ་གྱི་བཅའ་ཁྲིམས་བར་གཅིག་གྱུར་སྲུང་འཛིན་བྱེད་པ་སོགས་འདུས། མའོ་ཨར་ཏའོ་ཝ་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་བཏོན་པའི་བྱེད་ཐབས་སྣ་དགུའི་སྟེང་ནས་གྲུབ་འབྲས་གལ་ཆེན་བླངས་ཡོད། དེའི་ནང་ཁྲིམས་འཛིན་གྱི་བཅོས་བསྒྱུར་དང་། རུལ་སུངས་ལས་ཁུངས་ཀྱི་བཅོས་བསྒྱུར། རྩ་འཛུགས་ཡོད་པའི་ནག་ཉེས་ལ་ཆམ་ཕབ་གཏོང་བ། སྤྱི་བའི་ནོར་སྲིད་ཀྱི་བཅོས་བསྒྱུར་སོགས་འདུས།

ཝུའུ་ཁི་ལན་གྱིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་གཉིས་པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་བཏོན་པ་དང་། མའོ་ཨར་ཏའོ་ཝ་ཡིས་ལོ་དེའི་ཟླ་གསུམ་པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་བཏོན་པ་རེད། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དྲུག་པར། རྒྱལ་ཁབ་དེ་གཉིས་ཡོ་རོབ་གླིང་མནའ་འབྲེལ་གྱི་འདེམ་སྒུག་རྒྱལ་ཁབ་ཏུ་གྱུར་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།