དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས8ཉིན་བཤད་རྒྱུར། གལ་ཏེ་ཕཱ་ལེ་སི་ཐན་གྱི་དྲག་ཆས་མི་སྣས་བཀག་འཇུག་བྱས་པའི་མི་སྣ་ཕྱིར་མ་བཏང་ན། དབྱི་སི་རལ་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་མི་སྲིད་ཟེར།
དབྱི་སི་རལ་གྱི་སྲིད་གཞུང་གི་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་ཀྲུང་དབྱང་དམག་སྤྱི་ཁང་ནས་བཤད་རྒྱུར། མིག་སྔར་མི་ཁ་ཆེ་ཡང་ཁོས་དོན་དག་ཅིག་ཡང་བསྐྱར་གསལ་བོར་བཤད་འདོད་དེ། གལ་ཏེ་བཀག་འཇུག་བྱས་པའི་མི་སྣ་ཕྱིར་མ་བཏང་ན། འཁྲུག་རྩོད་མཚམས་འཇོག་མི་སྲིད་ཟེར།
ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཅཱ་ཧྲ་ས་ཁུལ་དུ་ས་ངོས་འགུལ་སྐྱོད་སྤེལ་བ་བདེ་བླག་ཡིན་པ་དང་། གྲུབ་འབྲས་བཟང་བོ་ཐོབ་བཞིན་ཡོད་ཟེར།
དབྱི་སི་རལ་གྱི་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་བརྒྱད་ཉིན་སྤེལ་བའི་འཐབ་འཁྲུག་གནས་ཚུལ་གྱི་སྙན་ཞུ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་ས་ངོས་དམག་དཔུང་གིས་མཁའ་དམག་དང་མཚོ་དམག གསང་འཕྲིན་སྡེ་ཁག་བཅས་ཀྱི་རོགས་འདེགས་འོག མུ་མཐུད་དུ་ཅཱ་ཧྲ་ས་ཁུལ་དུ་འགུལ་སྐྱོད་སྤེལ་བཞིན་ཡོད། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་ནས་མང་ཚོགས་ཁྲི་ལྔ་ཙམ་ལྷོ་ཕྱོགས་ས་ཁུལ་དུ་སྤར་ཡོད་ལ། ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་ཚོད་འཛིན་དབང་ཆ་ཤོར་ཡོད་ཟེར།
ཧཱ་ཅཱ་ལི་ཡིས་བཤད་རྒྱུར། དབྱི་སི་རལ་འཁྲུག་རྩོད་མཚམས་འཇོག་པར་ཡིད་འཐད་འབྱུང་མི་སྲིད་ཀྱང་། དམིགས་བསལ་གྱི་དུས་ཚོད་ནང་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་བཞག་སྟེ། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་མང་ཚོགས་དག་ལྷོ་ཕྱོགས་སུ་གནས་སྤོར་བར་སྟབས་བདེ་བཟོས་ཆོག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།