ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་གྲོས་འགོ་བཏོན་ནས་བསྡུས་པའི་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་གྲོས་ཚོགས་ཚེས་དགུ་ཉིན་ཕཱ་རེ་སི་ནས་བསྡུས། ཧྥ་རན་སི་དང་སེ་ཕུའུ་ལུའུ་སི། ཕཱ་ལེ་སི་ཐན། ཞི་ལཱ། ལུ་ཙེམ་པོག སི་ལོ་ཝུན་ནེ་ཡཱ། ཨིར་ལན། ཅོར་ཏན་སོགས་རྒྱལ་ཁབ་ཀྱི་ཆབ་སྲིད་མགོ་ཁྲིད་པ་དང་དཔོན་རིགས། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་། ཡོ་རོབ་གླིང་མནའ་འབྲེལ་སོགས་རྒྱལ་སྤྱི་དང་ས་ཁུལ་རྩ་འཛུགས་ཀྱི་འགན་ཁུར་པ་གྲོས་ཚོགས་ལ་ཞུགས།
མཱ་ཁི་ལུང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཛ་དྲག་ཡིན་པར་མ་ཟད། ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་ཟེར། ཁོས་ས་ཁུལ་དེར་མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ་མཇུག་མཐར་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་ཁྱབ་བསྒྲགས་བྱས་དོན། ཧྥ་རན་སི་ཡིས་ཉིས་སྟོང་ཉེར་གསུམ་ལོར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པའི་སྤྱིའི་སྒོར་གྲངས་ཡོ་སྒོར་བྱེ་བ་གཉིས་ནས་ཁྲག་ཁྲིག་གཅིག་ལ་ཇེ་མང་དུ་བཏང་ཡོད་ཟེར།
ཕཱ་ལེ་སི་ཐན་གྱི་ཙུང་ལི་ཨ་ཧྲི་ཐིས་ཡེ་ཡིས་ཚོགས་ཐོག་ནས་བསྟན་དོན། དབྱི་སི་རལ་གྱིས་སྤེལ་བ་ནི་ཧཱ་མཱ་སིར་དམིགས་པའི་འཐབ་འཁྲུག་མ་ཡིན་པར། ཕཱ་ལེ་སི་ཐན་གྱི་མི་དམངས་ཚང་མར་དམིགས་པའི་འཐབ་འཁྲུག་ཅིག་རེད་ཟེར།
ཨེ་ཅིབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྲུའུ་ཁའེ་ལི་ཡིས་བལྟས་ན། དབྱི་སི་རལ་སྲིད་གཞུང་གིས་སྤེལ་བཞིན་པའི་བྱ་སྤྱོད་དེ་རང་སྲུང་གི་ཁྱབ་ཁོངས་ལས་རིང་དུ་བརྒལ་ཡོད་པ་དང་། ཁོས་བལྟས་ན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱི་ཁྲིམས་འགལ་བྱ་སྤྱོད་སྣང་མེད་དུ་བསྐྱུར་མི་རུང་བར་འདོད།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ཐེངས་འདིའི་ཚོགས་ཆེན་ཐད་ནས་སྨྱན་བྱད་ལ་ཁྱབ་བསྒྲགས་བྱེད་སྐབས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་གློག་དང་ཆུ། སྨན་བཅོས་མཁོ་ཆས་སོགས་དཀོན་པ་དང་། མི་ཆོས་རིང་ལུགས་ཀྱི་གནས་བབ་ཧ་ཅང་ཚབས་ཆེན་རེད། ཐེངས་འདིར་ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་གྲོས་ཚོགས་ནས་དམིགས་འབེན་གསུམ་འགོད་པར་རེ་བཞིན་ཡོད་དེ། གཅིག་ནས་འགུལ་སྐྱོད་སྤེལ་ཏེ་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་བཅའ་ཁྲིམས་ལ་བརྩི་འཇོག་དང་མི་སེར་དཀྱུས་མ་དང་མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་མི་སྣར་སྲུང་སྐྱོབ་བྱེད་རྒྱུ་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་བྱེད་པར་ཆོག་མཆན་འགོད་དགོས། གཉིས་ནས་འཕྲོད་བསྟེན་དང་ཆུ། ནུས་ཁུངས། ཟས་རིགས་བཅས་ཀྱི་ཐད་ནས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་དགོས། གསུམ་ནས་འབོད་སྐུལ་བཏང་སྟེ་སྐུལ་སློང་བྱེད་པ་དང་ཅཱ་ཧྲ་ས་ཁུལ་དུ་རྒུད་སྐྱོབ་བྱ་འགུལ་སྤེལ་བའི་རྒྱལ་སྤྱིའི་ལས་ཁུངས་དང་རྩ་འཛུགས་ལ་རྒྱབ་སྐྱོར་བྱེད་དགོས་ཟེར།
ཧྥ་རན་སིའི་ཕྱི་འབྲེལ་པུའུ་ཡིས་ད་རུང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་པའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ཡི་དགོས་མཁོ་ལྟར། ཚོགས་ཞུགས་འཐུས་མིས་གཡུལ་སའི་སྨན་ཁང་འཛུགས་པ་དང་། མི་ཆོས་རིང་ལུགས་ཀྱི་བར་སྣང་དང་མཚོ་ཐོག་གི་ཟམ་པ་ལས་པ་སོགས་ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མར་རོགས་སྐྱོར་བྱེད་པའི་བྱེ་བྲག་གི་བྱེད་ཐབས་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་པར་གྲོས་བསྡུར་བྱས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།