སྐབས་བཅུ་དྲུག་པའི་ཨེ་ཤ་ཡཱ་དབུས་ནུབ་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཐཱ་ཧྲི་ཀན་ནས་བསྡུས།
2023.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

སྐབས་བཅུ་དྲུག་པའི་ཨེ་ཤ་ཡཱ་དབུས་ནུབ་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཐོ་རིམ་གྲོས་ཚོགས་ཚེས་དགུ་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་ནས་བསྡུས།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་དགུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ལ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་མགོ་འཛིན་བྱས་པ་དང་། གྲོས་ཚོགས་ནས་རྩ་འཛུགས་དེའི་སྒྲོམ་གཞིའི་ནང་ཕྱོགས་སོ་སོའི་མཉམ་ལས་དང་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་གཏོང་བའི་མདུན་ལྗོངས་ལ་གྲོས་བསྡུར་བྱས།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཨེ་ཤ་ཡཱ་དབུས་ནུབ་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ལ་སྦས་ཤུགས་ཆེན་པོ་ཡོད་ཅིང་། དེའི་ཁོངས་གཏོགས་རྒྱལ་ཁབ་དག་གིས་དཔལ་འབྱོར་ཉོ་ཚོང་དང་བཟོ་ལས། དངུལ་གཏོང་། གསར་གཏོད། འགྲིམ་འགྲུལ་ཁྱབ་ཁོངས་བཅས་ཀྱི་རོགས་ལས་རྒྱ་བསྐྱེད་ཆོག ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་བཏོན་ནས་གཏན་འབེབས་བྱས་པའི་ཉིས་སྟོང་སོ་ལྔ་ལོའི་བར་གྱི་དཔལ་འབྱོར་མཉམ་ལས་འཐབ་ཇུས་དམིགས་འབེན་གྱིས་ཉོ་ཚོང་དང་འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་ལས། ནུས་ཁུངས་བདེ་འཇགས། ནམ་ཟླའི་འགྱུར་ལྡོག གནས་སྐོར། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་ཐུབ་ངེས་རེད་ཟེར།

མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་བསྟན་དོན། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཚོང་རྫས་དང་ཞབས་ཞུའི་ཉོ་ཚོང་གི་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་དང་སྒོ་ཁྲལ་མ་ཡིན་པའི་བཀག་རྒྱ་སྔོན་འགོག་བྱེད་པ། སྒོ་ཁྲལ་འགྲོ་ལུགས་ཀྱི་གཞི་གྲངས་ཅན་མངོན་འགྱུར་བྱེད་པ། གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་། དེའི་ཞོར་དུ་ཝུའུ་ཙི་པེ་ཁི་ཕྱོགས་ཀྱིས་གླིང་ཆེན་བར་གྱི་སྐྱེལ་འདྲེན་རྒྱུ་ལམ་གྱི་སྦས་ཤུགས་སྔོག་འདོན་བྱེད་དགོས་པའི་འབོད་སྐུལ་བཏང་། དེའི་ནང་ཀྲུང་གོ་དང་ཅིར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་འཛུགས་སྐྲུན་སོགས་འདུས་ཡོད་ཟེར།

་དབུས་ནུབ་ཀྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནི་དབྱི་ལིང་དང་ཕཱ་ཁི་སི་ཐན། ཐུར་ཁེ་བཅས་རྒྱལ་ཁབ་གསུམ་གྱིས་གཅིག་སྟོང་དགུ་བརྒྱ་གྱ་ལྔ་ལོར་གྲོས་འདོན་བྱས་ནས་བཙུགས་པའི་ས་ཁུལ་རང་བཞིན་གྱི་སྲིད་གཞུང་བར་གྱི་རྩ་འཛུགས་ཤིག་ཡིན་པ་དང་། དམིགས་ཡུལ་ནི་ཁོངས་གཏོགས་རྒྱལ་ཁབ་བར་གྱི་དཔལ་འབྱོར་དང་ལག་རྩལ། རིག་གནས་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད། ཨ་ཧྥུའུ་ཧན་དང་ཨ་སེ་པེད་ཅང་། ཧཱ་སག་སི་ཐན། ཅིར་ཅི་སི་སི་ཐན། ཐཱ་ཅི་ཁི་སི་ཐན། ཐུའུ་ཁུའུ་མན་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་གཅིག་སྟོང་དགུ་བརྒྱ་གོ་གཉིས་ལོར་རྩ་འཛུགས་དེར་ཞུགས་པ་ཡིན་ལ། རྩ་འཛུགས་དེའི་སྤྱི་ཁྱབ་པུའུ་དབྱི་ལིང་གི་རྒྱལ་ས་ཏི་ཧེ་ལན་དུ་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།