འཇར་མན་གྱི་དཔལ་འབྱོར་ལས་རིགས་ཀྱི་མི་སྣས་འཇར་མན་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཁོར་ཡུག་བཟང་བོ་བསྐྲུན་དགོས་པའི་འབོད་སྐུལ་བཏང་།
2023.11.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་སྤེལ་བའི་ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་ཚེས་བརྒྱད་ཉིན་འཇར་མན་གྱི་པའོ་ཨིན་ནས་སྤེལ། འཇར་མན་གྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མིས་གླེང་སྟེགས་སྟེང་བསྟན་དོན། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ལ་རེ་བ་ཆེན་པོ་བཅངས་ཡོད་ལ། རྒྱལ་ཁབ་གཉིས་ཀྱིས་གྲོས་མོལ་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། འཇར་མན་དང་ཀྲུང་གོའི་དཔལ་འབྱོར་མཉམ་ལས་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་རེ་སྒུག་བྱས་ཡོད་ཟེར།

པེ་ཝེ་མངའ་སྡེའི་ལྕགས་རིགས་དང་གློག་ཆས་བཟོ་ལས་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཅི་ཞེ་ཧའོ་ཧྥུའུ་ཡིས་གླེང་སྟེགས་སྟེང་བསྟན་དོན། སྲི་དགཞུང་གིས་ཉེན་ཁ་མེད་པར་བཟོ་བ་རྒྱུ་མཚན་དུ་བྱས་ཏེ་ཁེ་ལས་ཀྱི་ཚོང་གཉེར་ལ་ཐེ་གཏོགས་བྱེད་མི་རུང་བ་དང་། དངུལ་གཏོང་ཉེན་ཁ་དེ་ཁེ་ལས་རང་སྟེང་ནས་དོ་དམ་ཚོད་འཛིན་བྱེད་དགོས། ཆབ་སྲིད་ལས་རིགས་ཀྱིས་བསྒྲུབ་དགོས་པ་ནི་དཔོན་ཉམས་རིང་ལུགས་ཇེ་ཉུང་དུ་གཏོང་བ་དང་། ནུས་ཁུངས་དང་མཁོ་འདོན་གྱི་མུ་འབྲེལ་གཏན་འཇགས་ལ་འགན་སྲུང་བྱེད་པ། འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་དགོས་པ་ལས། ཀྲུང་གོའི་ཁེ་ལས་དག་འཇར་མན་དུ་ཡོང་བར་ཚོད་འཛིན་བྱེད་པ་དང་། དཔལ་འབྱོར་མཉམ་ལས་ཀྱི་བཀག་རྒྱ་བཟོ་མི་རུང་ཟེར།

འཇར་མན་གྱི་ཁུའུ་ཁཱ་སྡེ་ཚོགས་ཀྱི་རྐང་གཉེར་དབུ་གཙོ་མའོ་ནུན་གྱིས་བསྟན་དོན། ཀྲུང་གོ་དང་ཁུའུ་ཁཱ་ཡི་ཐོན་སྐྱེད་རྟེན་གཞི་གཙོ་བོ་དང་ཕྱིར་འཚོང་ཚོང་ར་གཙོ་བོ་ཡིན་ལ། འཇར་མན་སྲིད་གཞུང་གིས་ཁེ་ལས་དག་ཀྲུང་གོ་ནས་འཕེལ་རྒྱས་སུ་གཏོང་བར་དམིགས་བསལ་སྟེར་དགོས་ཟེར།

འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཝུའུ་ཁུན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་མུ་མཐུད་དུ་ཡོ་རོབ་གླིང་དང་འཇར་མན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ལ། འཇར་མན་སྲིད་གཞུང་གིས་མུ་མཐུད་དུ་སྒོ་འབྱེད་དང་དྲང་བདེན་གྱི་རྣམ་འགྱུར་བཟུང་ནས་ཀྲུང་གོའི་ཁེ་ལས་བར་མཉམ་ལས་བྱེད་དགོས་པའི་འབོད་སྐུལ་བཏང་། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ཐད་བྱས་རྗེས་བཞག་ཡོད་པར་མ་ཟད། འཇར་མན་དང་ཡོ་རོབ་གླིང་ལའང་སྔར་ལས་མང་བའི་གོ་སྐབས་འདོན་སྤྲོད་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།