ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཉེ་སྔོན་ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་སྤྱི་ཁྱབ་པུའུ་རུ་རྟོག་ཞིབ་བྱས། དེ་ནི་ཕུའུ་ཅིན་གྱིས་ཟླ་ངོ་གཅིག་གི་དུས་ཚོད་ནང་ཐེངས་གཉིས་པར་སྤྱི་ཁྱབ་པུའུ་དེར་རྟོག་ཞིབ་བྱས་པ་རེད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཧཱ་སག་སི་ཐན་གྱི་འཚམས་འདྲི་མཇུག་སྒྲིལ་རྗེས། ཕུའུ་ཅིན་ཏོན་ཆུ་བོའི་འགྲམ་གྱི་ལོ་སི་ཐའོ་ཧྥུའུ་གྲོང་ཁྱེར་བརྒྱུད་སྐབས། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་སྤྱི་ཁྱབ་ཁང་ལ་རྟོག་ཞིབ་བྱས་ཏེ། རྣམ་པ་གསར་བའི་དམག་དོན་སྒྲིག་ཆས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད། ཨུ་རུ་སི་ཡིས་དམིགས་བསལ་དམག་དོན་འགུལ་སྐྱོད་སྤེལ་བའི་སྐོར་གྱི་གནས་ཚུལ་ལ་ཉན་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་རྟོག་ཞིབ་བྱས་པའི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། ཕུའུ་ཅིན་དང་མཉམ་དུ་རྟོག་ཞིབ་བྱེད་མཁན་ལ་ཨུ་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲའོ་དབྱེ་ཀུའུ་དང་། ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་དཔོན་ཀི་ལཱ་ཞི་མའོ་ཧྥུའུ་ཡོད།
བསྒྲགས་པ་ལྟར་ན། ཨུ་རུ་སིའི་ལྷོ་ཕྱོགས་དམག་ཁུལ་སྤྱི་ཁྱབ་པུའུ་རུ་དམིགས་བསལ་དམག་དོན་འགུལ་སྐྱོད་བཀོད་འདོམ་པུའུ་བཙུགས་ཡོད་ལ། ཨུ་རུ་སིའི་དམག་དཔུང་གི་ཝུའུ་ཁི་ལན་གྱི་འབྲེལ་ཡོད་འགུལ་སྐྱོད་ལ་འགན་ཁུར་ཡོད། ཕུའུ་ཅིན་གྱིས་སྔོན་ཐེངས་ཟླ་བཅུ་བའི་ཚེས་ཉི་ཤུ་ཉིན་སྤྱི་ཁྱབ་པུའུ་དེར་རྟོག་ཞིབ་བྱས་པ་རེད། ཕུའུ་ཅིན་གྱིས་དུས་བཅད་ལྟར་ཨུ་རུ་སིའི་དམིགས་བསལ་དམག་དོན་འགུལ་སྐྱོད་ཀྱི་བཀོད་འདོམ་པུའུ་རུ་འཚམས་འདྲི་བྱེད་བཞིན་ཡོད། ཁོས་ད་ལོའི་ཟླ་གསུམ་པར་མཱ་ལི་ཝུའུ་པའོ་ཨར་དུ་འཚམས་འདྲི་བྱེད་སྐབས་གནས་དེ་ནས་གྲོས་ཚོགས་བསྡུས་ཏེ་དམག་ཕྱོགས་ཀྱི་སྙན་ཞུར་ཉན། ད་ལོའི་ཟླ་བརྒྱད་པར་ཡང་ཕུའུ་ཅིན་གྱིས་སྤྱི་ཁྱབ་པུའུ་དེར་རྟོག་ཞིབ་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།