ཨེ་ཅིབ་ཀྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་རྒྱལ་ས་ཁའེ་རོ་ནས་འཚམས་འདྲིར་ཡོང་བའི་ཁཱ་ཐར་གྱི་རྒྱལ་ཁབ་མགོ་ཁྲིད་པ་ཐཱ་མུས་མུའུ་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་དང་དེ་ལས་ས་ཁུལ་ལ་བཟོས་པའི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས་ཟེར།
གསལ་སྒྲོག་ལས་བསྟན་དོན། དབྱི་སི་རལ་གྱི་མིག་སྔར་གྱི་དམག་དོན་འགུལ་སྐྱོད་ཀྱིས་ས་ཁུལ་དེའི་བདེ་འཇགས་དང་གཏན་འཇགས་ཐད་ངེས་གཏན་མེད་པའི་སྣང་ཚུལ་བཟོས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཅཱ་ཧྲའི་དམག་དོན་ཛ་དྲག་ཏུ་གྱུར་བ་དང་དེ་ལས་འབྲེལ་ཡོད་ས་ཁུལ་ལ་བཟོས་པའི་འགྲན་རྩོད་ལས་ས་ཁུལ་དེ་ཉེན་ཁ་དང་ཚོད་དཔག་དཀའ་བའི་གནས་སུ་ལྷུང་དུ་འཇུག་སྲིད་ཟེར།
ཕྱོགས་གཉིས་ཀྱིས་ད་རུང་འབྲེལ་ཡོད་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པ་དང་བསྟུད་མར་ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་སྲུང་འཛིན་བྱེད་པའི་བྱ་བ་མང་བོར་རྗེས་དྲན་བྱས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་མི་སེར་དཀྱུས་མར་ཇི་ལྟར་སྲུང་སྐྱོབ་བྱེད་པ་དང་ཁྲག་བཞུར་འཁྲུག་རྩོད་མཚམས་འཇོག་དུ་འཇུག་པའི་བྱེད་ཐབས་ལ་གྲོས་བསྡུར་བྱས།
ཨེ་ཅིབ་དང་ཁཱ་ཐར་གང་ཡིན་ཡང་དེའི་སྔོན་ཧཱ་མཱ་སིས་སྤེལ་བའི་བཀག་འཇུག་མི་སྣ་ཕྱིར་གཏོང་བའི་གྲོས་མོལ་ལ་ཞུགས་མྱོང་ཡོད་ལ། བཀག་འཇུག་བྱས་པའི་མི་སྣ་བཞི་ཟླ་བཅུ་བའི་ཟླ་མཇུག་ཏུ་ཕྱིར་གཏོང་བར་སྐུལ་མ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།