ཝུའུ་ཙི་པེ་ཁི་སི་ཐན་དང་དབྱི་ཐཱ་ལེ་ཡིས་མུ་མཐུད་དུ་ཕྱོགས་གཉིས་ཀྱིས་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་རྒྱུའི་ཚུལ་བསྟན།
2023.11.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིེས་ཚེས་བཅུ་ཉིན་ཝུའུ་ཙི་པེ་ཁི་སི་ཐན་གྱི་རྒྱལ་ས་ཐཱ་ཧྲི་ཀན་ནས་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཙུང་ཐུང་མཱ་ཐ་ལོས་ལཱ་དང་གྲོས་མོལ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱ་བསྐྱེད་འདོད་ཡོད་པའི་ཚུལ་བསྟན།

ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་མུ་མཐུད་དུ་ཕྱོགས་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་བསྐྱེད་པའི་ཐད་ནས་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་དང་ཕྱི་འབྲེལ་པུའུ་བར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་དགོས་པ་ནན་བཤད་བྱས་པར་མ་ཟད། སང་ལོར་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱི་འཐབ་ཇུས་གྲོས་མོལ་གྱི་གྲོས་ཚོགས་ཐོག་མ་སྤེལ་རྒྱུ་ཐག་བཅད་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ད་ལོའི་ཚུན་ལ། ཝུའུ་ཙི་པེ་ཁི་སི་ཐན་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་འབོར་གྲགས་བརྒྱ་ཆའི་སུམ་ཅུ་འཕར་བ་དང་། ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལས་གཞིའི་དངུལ་གཏོང་གི་སྤྱིའི་འབོར་གྲངས་ཡོ་སྒོར་ཐེར་འབུམ་དགུར་བསླེབས་ཡོད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། མཱ་ཐཱ་ལོས་ལཱ་ཡིས་ཚེས་དགུ་ཉིན་ནས་ཚེས་བཅུ་གཅིག་ཉིན་བར་ཝུའུ་ཙི་པེ་ཁི་སི་ཐན་དུ་འཚམས་འདྲི་བྱས། མུས་ཨར་ཅི་ཡའོ་ཡེ་ཧྥུའུ་ཡིས་ད་ལོའི་ཟླ་དྲུག་པར་དབྱི་ཐཱ་ལེ་རུ་འཚམས་འདྲི་བྱས་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།