ཟླ11པའི་ཚེས10ཉིན། གསར་འགོད་པས་གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་གཞོན་ལོ་ཆུང་གི་འཕེལ་རྒྱས་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་རེ་བའི་བཟོ་སྐྲུན་ཏེ་སྐེ་དཀྲིས་དམར་པོའི་དཔེ་ཀློག་བྱེད་སའི་ལས་གཞི་ལག་བསྟར་བྱས། ལས་གཞི་དེ་ད་ལོའི་ཟླ3པ་ནས་བཟུང་ལག་བསྟར་བྱས་པའི་ཚུན་ལ། མིག་སྔའི་བར་དུ་རང་ཞིང་གི་ལྷོ་ཕྱོགས་ས་ཁུལ་གྱི་རོང་འབྲོག་ཁུལ་སོ་གཉིས་ཀྱི་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་སོ་གཉིས་ལ་སྤྱིའི་རིན་ཐང་སྒོར་ས་ཡ་གཅིག་ཡིན་པའི་སྐེ་དཀྲིས་དམར་པོའི་དཔེ་ཀློག་བྱེད་ས་ལྔ་བཅུ་སྒྲིག་སྦྱོར་བྱས་པ་དང་། དཔེ་དེབ་ཁྲི་བརྒྱད་ལྷག་ཡོད་ལ། ན་གཞོན་ལོ་ཆུང་སློབ་མ་ཁྲི་གསུམ་ལྷག་ལ་ཁེབས་ཡོད། རེ་བའི་བཟོ་སྐྲུན་ཏེ་སྐེ་དཀྲིས་དམར་པོའི་དཔེ་ཀློག་བྱེད་སའི་ལས་གཞི་ལག་བསྟར་བྱས་པ་དེས་སྔར་ལས་ལྷག་པའི་སྒོ་ནས་ན་གཞོན་ལོ་ཆུང་གིས་དམར་པོའི་ཕུལ་བྱུང་བརྩམས་ཆོས་ཀྱི་ལྟ་ཀློག་སྤེལ་བར་ཁྲིད་སྟོན་དང་། སློབ་རའི་དམར་པོའི་ཕུལ་བྱུང་བརྩམས་ཆོས་ཀྱི་སློབ་སྦྱོང་དར་སྲོལ་གསར་བར་སྣེ་ཁྲིད་བྱས་ནས། དམར་པོའི་སློབ་གསོ་གཏིང་ཟབ་ཏུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་ཐུབ།
སློབ་གྲྭ་དང་གུང་གཞོན་ཚོགས་པས་སྐེ་དཀྲིས་དམར་པོའི་ལྟ་ཀློག་བྱེད་སར་བརྟེན་ནས་སྐེ་དཀྲིས་དམར་པོའི་ལྟ་ཀློག་བྱེད་སའི་དོ་དམ་བེད་སྤྱོད་ལ་ཤུགས་སྣོན་པ་དང་། ལྟ་ཀློག་བྱེད་སའི་ནུས་པ་ཆེན་པོ་འདོན་སྤེལ་བྱེད་པ། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ་དུས་རབས་གསར་བའི་རུ་མི་བརྩོན་ལེན་བྱེད་པ་དང་། དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ་དུས་རབས་གསར་བའི་མི་གསར་གསོ་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་སོགས་ཀྱི་བརྗོད་དོན་བྱ་འགུལ་སྤེལ་བར་གཏིང་ཟབ་ཏུ་སྐུལ་འདེད་བཏང་ནས། ལྟ་ཀློག་གི་འགྲན་རྩོད་སྐས་རིམ་གྱི་གྲུབ་འབྲས་འགྲེམ་སྟོན་བྱེད་ས་དང་། ལྟ་ཀློག་དངུལ་ཁང་། རང་ཉིད་ཆེས་དགའ་བའི་དཔེ་ཆ་མཉམ་སྤྱོད་བྱེད་པ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། སྔར་ལས་ལྷག་པའི་སྒོ་ནས་སྐེ་དཀྲིས་དམར་པོའི་ལྟ་ཀློག་བྱེད་སའི་ནང་དོན་རྒྱ་ཇེ་ཆེར་གཏོང་བ་དང་། ན་གཞོན་ལོ་ཆུང་སློབ་མས་དམར་པོའི་དཔེ་ཆའི་ཁྲོད་ནས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བཟང་བོ་བྱེད་པ་དང་འབད་འཐབ་སྟོབས་ཤུགས་གཅིག་བསྡུ་བྱེད་པ། དམར་པོའི་གཞི་རྒྱུ་དང་དམར་པོའི་ཁྲག་རྒྱུན་རྒྱུན་འཛིན་བྱས་ཏེ། ལྟ་ཀློག་བྱེད་སར་བསམ་བློའི་རྣམ་པ་གསར་བ་འབྱུང་བ་མངོན་འགྱུར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།