དབྱི་ལིང་གིས་དབུས་ཤར་དུ་སྡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱ་བར་མ་ཞུགས་ཞེས་བཤད།
2023.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་དབྱི་ལིང་གི་འཐུས་མི་དབྱེ་ལཱ་ཝ་ནེ་ཡིས་ཚེས10ཉིན་བཤད་རྒྱུར། དབྱི་ལིང་དབུས་ཤར་ས་ཁུལ་དུ་གནས་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞིར་འཇབ་རྒོལ་བྱས་པར་ཞུགས་མེད་ཟེར།

ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་མགྲིན་ཚབ་པ་གཞོན་པ་ཞིན་ཀི་ཡིས་ཚེས་དགུ་ཉིན་བཤད་རྒྱུར། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་བར། ཨ་མེ་རི་ཁ་དང་ཨ་མེ་རི་ཁ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་ལ་དབུས་ཤར་ས་ཁུལ་ནས་ཉུང་མཐར་ཡང་འཇབ་རྒོལ་ཐེངས་ཞེ་དྲུག་ཐེབས་པ་དང་། དེའི་ནང་འཇབ་རྒོལ་ཐེངས་ཉེར་བཞི་དབྱི་རག་ནས་བྱུང་བ་དང་། ཐེངས་ཉེར་གཉིས་སི་རི་ཡཱ་ནས་བྱུང་ཡོད། བསྡོམས་པས་མི་ང་དྲུག་ལ་རྨས་ཕོག་ཡོད། གོང་སྨྲས་ཀྱི་འཇབ་རྒོལ་དེར་རང་སྲོག་གཅོད་པའི་མི་བསྡད་མེད་པའི་གནམ་གྲུའི་འཇབ་རྒོལ་དང་མེ་ཤུགས་འཕུར་མདའི་འཇབ་རྒོལ་འདུས་ཡོད་ཟེར།

དབྱི་རག་གི་དམངས་དམག་དྲག་ཆས་པ་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཀྱིས་ཉེ་སྔོན་འཇབ་རྒོལ་དོན་རྐྱེན་མང་དུ་བཟོས་པ་ཁས་ལེན་བྱས་ཡོད་ལ། དེ་ནི་ཨ་མེ་རི་ཁས་དབྱི་སི་རལ་ལ་རྒྱབ་སྐྱོར་བྱས་ནས་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ལ་ཆམ་ཕབ་གཏོང་དུ་བཅུག་པར་རྒོལ་ལན་སྤྲོད་ཆེད་ཡིན་ཟེར།

དབྱེ་ལཱ་ཝ་ནེ་ཡིས་བཤད་རྒྱུར། དབྱི་ལིང་གིས་གོང་སྨྲས་ཀྱི་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་ཡོད་པ་ཁས་ལེན་བྱས་མེད། ཁོས་བཤད་རྒྱུར། དབྱི་ལིང་དབུས་ཤར་ས་ཁུལ་གྱི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་དང་མི་སྣར་དམིགས་པའི་འཇབ་རྒོལ་གང་རུང་ལ་ཞུགས་མྱོང་མེད་ཟེར། ཁོའི་བཤད་ཚུལ་ལྟར་ན། དབུས་ཤར་ས་ཁུལ་གྱི་དྲག་ཆས་རྩ་འཛུགས་གཞན་པ་འཇབ་རྒོལ་དོན་རྐྱེན་ནང་ཞུགས་སྲིད་པར་འདོད།

དབྱེ་ལཱ་ཝ་ནེ་ཡིས་ད་རུང་བསྟན་དོན། གལ་ཏེ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་གྱུར་ན། འཐབ་འཁྲུག་དེ་དབུས་ཤར་ས་ཁུལ་ཧྲིལ་བོར་རྒྱ་ཡན་དུ་འགྲོ་ངེས་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།