ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་མཁའ་དམག་གི་སྒྲིག་ཆས་འགས་གཏོར་བཏང་།
2023.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས10ཉིན་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་། ཨུ་རུ་སིའི་དམག་དཔུང་གིས་ཁུའུ་ཕིས་དབྱང་སི་ཁི་དང་། ཧོང་ལེ་མན། ཏོན་ནེ་ཚི་ཁི་སོགས་ས་ཁུལ་ནས་ཝུའུ་ཁི་ལན་གྱི་དམག་དཔུང་གི་ཐེངས་མང་བོའི་དཔུང་འཇུག་ཕམ་ཉེས་སུ་བཏང་ནས་མཐར་སྐྲོད་བཏང་བར་མ་ཟད། ཝུའུ་ཁི་ལན་གྱི་མཁའ་དམག་གི་རྨང་གཞིའི་སྒྲིག་ཆས་དང་དམག་ཆས་མཛོད་ཁང་། ཕྱི་རྒྱལ་གྱི་གླས་དམག་གི་བཀོད་སྒྲིག་བྱེད་ས་བཅས་འགས་གཏོར་བཏང་ཡོད་ཟེར། ཧི་ཨར་སུང་གི་ཕྱོགས་ནས། ཨུ་རུ་སིའི་དམག་དཔུང་གིས་ད་རུང་ཝུའུ་ཁི་ལན་གྱི་དམག་དཔུང་གི་ཏིས་ཉི་པའོ་ཆུ་བོ་བརྒལ་རྩིས་བྱེད་པའི་གཡོ་ཇུས་ཕམ་ཉེས་སུ་བཏང་ཡོད་ཟེར།

ཝུའུ་ཁི་ལན་གྱི་དམག་དཔུང་གིས་བཤད་རྒྱུར། ཝུའུ་ཁི་ལན་གྱི་དམག་དཔུང་གིས་མུ་མཐུད་དུ་པཱ་ཧི་མུའུ་ཐི་དང་། ཨ་ཧྥུའུ་ཅེ་ཡེ་ཧྥུའུ་ཁཱ། མཱ་ལིན་ཁཱ་སོགས་ས་ཁུལ་ནས་ཨུ་རུ་སིའི་བར་འཐབ་འཁྲུག་དྲག་པོ་བྱས། དེ་ལས་གཞན་ཝུའུ་ཁི་ལན་གྱི་དམག་དཔུང་གིས་ཚེས10ཉིན་གྱི་ཞོགས་པར་འགུལ་སྐྱོད་སྤེལ་ནས། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་སྐམ་སར་འབུད་པའི་གྲུ་གཟིགས་གཉིས་ལ་གཏོར་བརླག་བཟོས་ཡོད་ཟེར་ཡང་ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།