ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཁོངས་མི་བདུན་ལ་དབྱི་སི་རལ་གྱི་དམག་དཔུང་གི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་ཟེར།
2023.11.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས10ཉིན་བཤད་རྒྱུར། ཏང་ཁག་རང་གི་དྲག་ཆས་མི་སྣ་བདུན་ལ་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་ཟེར། དབྱི་སི་རལ་གྱི་དམག་དཔུང་གིས་བསྟན་དོན་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་འཇབ་རྒོལ་མ་བྱས་གོང་། དབྱི་སི་རལ་གྱི་དམག་དཔུང་ལ་མི་བསྡད་མེད་པའི་གནམ་གྲུ་སོགས་ཀྱི་འཇབ་རྒོལ་ཐེབས་ཡོད་ཟེར།

བསྒྲགས་པ་ལྟར་ན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། དྲག་ཆས་མི་སྣ་བདུན་གཞན་གྱིས་བསད་ཟེར། གསལ་སྒྲོག་དེ་ལས་བྱེ་བྲག་གི་དུས་ཚོད་གསལ་བོར་བཤད་མེད་ཟེར།

ཉིན་དེར་ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གི་སྒྱོགས་མདེལ་གཅིག་ལེ་པཱ་ནུན་གྱི་མཐའ་མཚམས་ས་ཁུལ་གྱི་གྲོང་སྡེ་ཞིག་གི་སྨན་ཁང་ནང་ལྷུང་ཡང་འགས་གཏོར་བྱུང་མེད་ཟེར། བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་གྱི་མཐའ་མཚམས་གྲོང་སྡེ་འགར་མེ་སྒྱོགས་ཀྱི་འཇབ་རྒོལ་བྱས་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་མགྲིན་ཚབ་པ་ཧཱ་ཅཱ་ལི་ཡིས་ཚེས་བཅུ་ཉིན་བཤད་རྒྱུར། དབྱི་སི་རལ་ཕྱོགས་ཀྱིས་བྱང་ཕྱོགས་ས་ཁུལ་དུ་ཆམ་ཕབ་དྲག་པོ་བཏང་ནས། མི་བསྡད་མེད་པའི་གནམ་གྲུ་གསུམ་གྱི་དཔུང་འཇུག་ལ་རྒོལ་ལན་སྤྲོད་བཞིན་ཡོད་ཟེར།

གཞན་ཡང་དབྱི་སི་རལ་ཕྱོགས་ཀྱིས་ཚེས10ཉིན་གྱི་སྔ་དྲོར་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་སི་རི་ཡཱའི་མངའ་ཁོངས་ཀྱི་རྩ་འཛུགས་ཤིག་ལ་འཇབ་རྒོལ་བྱས་པར་བཤད་ཀྱང་། རྩ་འཛུགས་དེའི་མིང་ཅི་ཡིན་གསལ་བོར་བསྒྲགས་མེད་ལ། རྩ་འཛུགས་དེ་ནི་སྔ་ཉིན་དབྱི་སི་རལ་གྱི་ལྷོ་ཕྱོགས་ཀྱི་སློབ་གྲྭ་ཞིག་ཏུ་མི་བསྡད་མེད་པའི་གནམ་གྲུ་ལྷུང་བའི་དོན་རྐྱེན་བཟོ་མཁན་གྱི་ནག་ཉེས་མཁན་རེད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།