ཨ་མེ་རི་ཁའི་ཡོ་རོབ་གླིང་དམག་སྤྱི་ཁང་གིས་ཚེས་བཅུ་གཉིས་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དོན་གནམ་གྲུ་ཞིག་ཚེས་བཅུ་ཉིན་ས་དཀྱིལ་མཚོ་ཁོངས་ནས་ལག་རྩལ་ཆག་སྐྱོན་དབང་གིས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་ཨ་མེ་རི་ཁའི་དམག་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་བྱུང་སྐབས་གནམ་གྲུ་དེས་རྒྱུན་ལྡན་གྱི་བར་སྣང་སྣུམ་སྣོན་བྱེད་བཞིན་ཡོད་ཟེར།
ཨ་མེ་རི་ཁའི་ཡོ་རོབ་གླིང་དམག་སྤྱི་ཁང་གིས་ཚེས་བཅུ་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། སྐབས་ཐོག་དེར་གནམ་གྲུ་དེས་སྦྱོང་བརྡར་དང་འབྲེལ་བའི་ལས་འགན་ལག་བསྟར་བྱེད་བཞིན་ཡོད་ལ། འཇབ་རྒོལ་སོགས་ཐེབས་མེད་ཟེར།
ཨ་མེ་རི་ཁའི་དམག་ཕྱོགས་ཀྱིས་དོན་རྐྱེན་བྱུང་བའི་གནམ་གྲུའི་རྟགས་དང་འཕུར་སའི་རྒྱུ་ལམ་སོགས་གསལ་བོར་བསྒྲགས་མེད། སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། ཨ་མེ་རི་ཁས་ཡང་དང་བསྐྱར་དུ་དབྱི་སི་རལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དབུས་ཤར་ས་ཁུལ་དུ་གནམ་གྲུ་འབབ་སའི་གྲུ་གཟིངས་གཉིས་བཀོད་སྒྲིག་བྱས་ཏེ། ས་ཁུལ་དེའི་རྒྱལ་ཁབ་དག་ལ་ཟིལ་ཤུགས་སྟེར་བར་ཤུགས་སྣོན་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།