དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད།
2023.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28

དབྱི་རག་དམག་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བྱང་ཕྱོགས་ཀྱི་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་འགུལ་སྐྱོད་ཁྲོད་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བཞི་བསད་ཟེར།

དབྱི་རག་གི་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་ཁོངས་སུ་གཏོགས་པའི་བདེ་འཇགས་སྨྱན་བྱད་ལྟེ་གནས་ཀྱིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཁའ་དམག་གི་རམ་འདེགས་འོག དབྱི་རག་དམག་དཔུང་གིས་སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་སེར་སཱ་ཨར་མཚོ་མོའི་བྱང་ཕྱོགས་ས་ཁུལ་དུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་སྤེལ་ནས། དྲག་ཆས་ཉེས་ཅན་བཞི་བསད་པ་དང་། དབྱི་རག་གི་དམག་མི་གཅིག་ལ་འགུལ་སྐྱོད་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

དབྱི་རག་སྲིད་གཞུང་གིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་གཉིས་པར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བར་རྒྱལ་ཁ་བླངས་པ་ཁྱབ་བསྒྲགས་བྱས། དེའི་རྗེས་སུ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་སྟོབས་ཤུགས་ལྷག་འཕྲོ་དེ་གཙོ་བོ་དབྱི་རག་གི་མཐའ་འཁོབ་ཞིང་སྡེ་ས་ཁུལ་དུ་འཁྱམས་མྱུལ་བྱེད་བཞིན་ཡོད་ལ། དུས་ངེས་མེད་དུ་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།