དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་འཐབ་འཁྲུག་གི་གནས་ཚུལ་བསྒྲགས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་ཅཱ་ཧྲ་མཁར་གྱི་ས་དཀྱིལ་མཚོ་ཁོངས་ཀྱི་གྲུ་ཁར་ཚོད་འཛིན་བྱས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེར་མུ་མཐུད་དུ་ཅཱ་ཧྲ་མཁར་གྱི་ཧྲ་ཐིས་ཡུལ་གྱར་བའི་སྒར་སའི་ནང་གི་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་སྦས་སྐོང་བྱེད་སར་དཔུང་འཇུག་བྱས། དེའི་ཞོར་དུ་དབྱི་སི་རལ་གྱི་སྐམ་དམག་དང་མཚོ་དམག་གིས་ཧྲ་ཐིས་ཡུལ་གྱར་བའི་སྒར་སའི་ཉེ་འདབས་ཀྱི་གྲུ་ཁར་འཇབ་རྒོལ་བྱས་ཏེ་ས་ཁོངས་དེར་ཚོད་འཛིན་བྱས་ཡོད་ཟེར།
སྤྱི་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་འཐབ་འཛིང་གནམ་གྲུས་ཉིན་དེར་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་ཀྲིན་ཀྲུའུ་ཏང་གི་དམིགས་འབེན་ལ་འཇབ་རྒོལ་བྱས་ཏེ། རྩ་འཛུགས་དེས་དབྱི་སི་རལ་གྱི་བྱང་ཕྱོགས་ས་ཁུལ་དུ་མེ་ཤུགས་འཕུར་མདའ་གཏོང་འཕེན་བྱས་པར་རྒོལ་ལན་སྤྲད། དེ་ལས་གཞན་དབྱི་སི་རལ་གྱི་དམག་དཔུང་གིས་བྱང་ཕྱོགས་ཀྱི་བདེ་འཇགས་གནས་བབ་བསྒྱུར་བའི་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཡོད་ཟེར།
གཞན་ཡང་དབྱི་སི་རལ་གྱི་སྨྱན་བྱད་ཀྱིས་ཚེས་བཅུ་གཉིས་ཉིན་དྲངས་པའི་དབྱི་སི་རལ་གྱི་དམག་ཕྱོགས་དང་སྨན་བཅོས་སྡེ་ཁག་གི་གནས་ཚུལ་ལྟར་ན། ཉིན་དེར་བསྡོམས་པས་དབྱི་སི་རལ་གྱི་མི་སེར་དཀྱུས་མ་དང་དམག་མི་ཉེར་གཅིག་ལ་ལེ་པཱ་ནུན་ནས་གཏོང་འཕེན་བྱས་པའི་འཕུར་མདའ་དང་སྒྱོགས་མདེལ་གྱི་འཇབ་རྒོལ་ཁྲོད་རྨས་ཕོག་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།