ལེ་པཱ་ནུན་གྱི་ཙུང་ལི་ཡིས་ཨ་རབ་རྒྱལ་ཁབ་དག་གིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས་ལེ་པཱ་ནུན་གྱི་དཀྲུག་འཕེན་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།
2023.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ལེ་པཱ་ནུན་གྱི་ཙུང་ལི་མུས་ཁཱ་ཐིས་ཀྱིས་ཚེས་བཅུ་གཉིས་ཉིན་ཨ་རབ་རྒྱལ་ཁབ་དག་གིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་ལེ་པཱ་ནུན་གྱི་ལྷོ་ཕྱོགས་ས་ཁུལ་ནས་དཀྲུག་འཕེན་བྱ་སྤྱོད་སྤེལ་བ་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

མུས་ཁཱ་ཐིས་ཀྱིས་ཕྱེད་གླིང་བརྙན་འཕྲིན་ཁང་གི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ལེ་པཱ་ནུན་གྱིས་ནམ་རྒྱུན་གཏན་འཇགས་བརྩོན་ལེན་བྱེད་བཞིན་ཡོད་པ་དང་། ས་ཁུལ་དེར་འཐབ་འཁྲུག་སློང་སྲིད་པའི་བྱ་སྤྱོད་གང་ཡང་སྤེལ་མི་སྲིད། ཨ་རབ་རྒྱལ་ཁབ་དག་དང་ཁྱད་པར་དུ་དབྱི་སི་རལ་བར་འབྲེལ་བ་ཡོད་པའི་རྒྱལ་ཁབ་དག་གིས་གནོན་ཤུགས་བྱིན་ནས། དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་གྱི་དཀྲུག་འཕེན་བྱ་སྤྱོད་མཚམས་འཇོག་ཏུ་འཇུག་དགོས་ཟེར།

མུས་ཁཱ་ཐིས་ཀྱིས་བཤད་རྒྱུར། ལེ་པཱ་ནུན་ལ་མཚོན་ན། གལ་ཆེ་བ་ནི་འཐབ་འཁྲུག་དང་རྒྱང་དུ་གྱེས་རྒྱུ་དེ་ཡིན་ལ། ལེ་པཱ་ནུན་གྱིས་དེའི་ཆེད་དུ་ཟླ་ངོ་གསུམ་གྱི་འཕྲལ་སྒྲུབ་འཆར་གཞི་གཏན་འབེབས་བྱས་ནས་འཐབ་འཁྲུག་འབྱུང་བར་སྔོན་འགོག་བྱས་ཡོད་ཟེར། ཁོས་བསྟན་དོན། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་བསམ་བློ་གཏོང་ཤེས་པར་སེམས་བདེ་མོ་བྱས་ཡོད་ཟེར།

ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་མགྲིན་ཚབ་པ་ཐེ་ནུན་ཏིས་ཀྱིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཚེས་བཅུ་གཅིག་ཉིན་གྱི་ནམ་གུང་ཡོལ་ནས་ཅང་མ་འགོར་བར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་ཀའོ་ཙེ་ཉེ་འདབས་ཀྱི་གཡུལ་སའི་ཞི་བདེ་སྲུང་སྐྱོབ་མི་སྣས་མེ་མདའི་སྒྲ་ཐོས་པ་དང་། ཞི་བདེ་སྲུང་སྐྱོབ་མི་སྣ་གཅིག་ལ་མེ་མདའ་ཕོག་ནས་གཤགས་བཅོས་བྱེད་བཞིན་ཡོད་ལ། མིག་སྔའི་གནས་ཚུལ་གཏན་འཇགས་ཡིན་ཟེར།

ཐེ་ནུན་ཏིས་ཀྱིས་བཤད་རྒྱུར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གི་འཐབ་རར་དམིགས་པའི་འཇབ་རྒོལ་གང་རུང་དང་། འཐབ་ར་དེ་བེད་སྤྱད་ནས་ལེ་པཱ་ནུན་དང་དབྱི་སི་རལ་གྱི་རྒྱལ་མཚམས་བརྒལ་ཏེ་དཔུང་འཇུག་བྱེད་པའི་བྱ་སྤྱོད་གང་ཡིན་ཡང་། དེ་རྒྱུ་རྐྱེན་ཅིའི་ཆེད་དུ་ཡིན་རུང་དང་ལེན་བྱེད་ཐབས་མེད་པ་ཞིག་རེད། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དམག་དཔུང་གིས་འབྲེལ་ཡོད་འཁྲུག་རྩོད་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་བཞག་ནས། ཞི་བདེ་སྲུང་སྐྱོབ་མི་སྣ་དང་རྒྱལ་མཚམས་ཀྱི་ཉེ་འདབས་སུ་འཚོ་སྡོད་བྱེད་པའི་མི་སེར་དཀྱུས་མའི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།