མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མང་བོས་ཅཱ་ཧྲ་ས་ཁུལ་གྱི་སྨན་ཁང་ལ་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།
2023.11.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཚོགས་པ། དེ་མིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་བཅས་ཀྱི་ས་ཁུལ་འགན་ཁུར་བས་ཚེས་བཅུ་གཉིས་ཉིན་མཉམ་དུ་བྲེལ་མྱུར་གྱི་རྒྱལ་སྤྱིའི་འགུལ་སྐྱོད་སྤེལ་ནས། ཅཱ་ཧྲའི་སྨན་ཁང་དུ་འཇབ་རྒོལ་བྱེད་མཚམས་འཇོག་ཏུ་འཇུག་དགོས་པའི་འབོད་སྐུལ་བཏང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པའི་ཨ་རབ་རྒྱལ་ཁབ་ས་ཁུལ་གྱི་ཀྲུའུ་རིན་ལའེ་ལཱ་པེ་ཁི་དང་། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཚོགས་པའི་དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མ་ས་ཁུལ་གྱི་ཀྲུའུ་རིན་ཨ་ཏིས་ལེ་ཧུའུ་ཏུའུ་ཨར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ས་དཀྱིལ་མཚོ་ཁོངས་ས་ཁུལ་ཤར་མའི་ཀྲུའུ་རིན་ཨེ་ཧཱ་མེད་ཏི་མན་ཏཱ་ལི་བཅས་ཀྱིས་ཚེས་བཅུ་གཉིས་ཉིན་མཉམ་དུ་གསལ་སྒྲོག་སྤེལ་ཏེ། ཅཱ་ཧྲ་གྲོང་ཁྱེར་དང་ཅཱ་ཧྲའི་བྱང་ཕྱོགས་ཀྱི་ཞི་ཧྥ་སྨན་ཁང་དང་། ལན་ཐིས་ཞི་བྱིས་པའི་སྨན་ཁང། ལྷ་མཁར་སྨན་ཁང་། དེའི་ཉེ་འདབས་ས་ཁུལ་དུ་འཇབ་རྒོལ་ཐེབས་ནས་བྱིས་པ་དང་བཅས་པའི་མི་མང་བོར་ཤི་རྨས་བཟོས་ཡོད་པ་དང་། ཅཱ་ཧྲའི་བྱང་ཕྱོགས་ས་ཁུལ་གྱི་སྨན་ཁང་མང་བོའི་ཉེ་འཁོར་གྱི་འཁྲུག་རྩོད་དྲག་པོ་ལས་སྨན་བཅོས་མི་སྣ་དང་རྨས་མ། དེ་མིན་ནད་པ་གཞན་པའི་བདེ་འཇགས་རྒྱུ་ལམ་ལ་བཀག་རྒྱ་བཟོས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་སྨན་ཁང་ཕྱེད་ཀའི་ཡན་གྱིས་སྒོ་བརྒྱབ་ཡོད་པ་དང་། སྔར་བཞིན་ལས་གཉེར་བྱེད་བཞིན་པའི་སྨན་ཁང་དག་གིས་ཧ་ཅང་ཚད་ཡོད་པའི་བྲེལ་མྱུར་ཞབས་ཞུ་དང་མྱུར་སྐྱོབ་ལག་རྩལ། ནད་པ་ལྗིད་མོའི་ལྟ་རྟོག་ཞབས་ཞུ་བཅས་འདོན་སྤྲོད་ཙམ་བྱེད་བཞིན་ཡོད། སྨན་ཁང་དང་དེའི་ཉེ་འཁོར་ས་ཁུལ་དུ་ཉེན་ཡོལ་བྱེད་པའི་མི་སྟོང་ཕྲག་ལྷག་ལ་འཐུང་ཆུ་དང་ཟས་རིགས། འབར་རྫས་བཅས་མེད་ཟེར། གསལ་སྒྲོག་ལས་ནན་གྱིས་བསྟན་དོན། ད་ལྟ་ངེས་པར་དུ་རྒྱལ་སྤྱིའི་འགུལ་སྐྱོད་སྤེལ་ནས། མྱུར་མོར་མི་ཆོས་རིང་ལུགས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པར་འགན་སྲུང་བྱས་ཏེ། ཚེ་སྲོག་སྐྱོབ་པ་དང་ཅཱ་ཧྲ་ས་ཁུལ་གྱི་སྨན་བཅོས་མ་ལག་ལྷག་འཕྲོར་སྔར་ལས་གྱོང་གུད་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འདོན་སྤྲོད་བྱས་པའི་གཞི་གྲངས་ལྟར་ན། ཟླ་བཅུ་བའི་ཚེས་བདུན་ཉིན་ནས་ཟླ་བཅུ་གཅིག་པའི་ཚེས་བཅུ་གཉིས་ཉིན་བར། ཅཱ་ཧྲ་ས་ཁུལ་དུ་ཉུང་མཐར་ཡང་སྨན་བཅོས་སྒྲིག་ཆས་ལ་དམིགས་པའི་འཇབ་རྒོལ་དོན་རྐྱེན་བརྒྱ་དང་སོ་བདུན་བྱུང་སྟེ། མི་ལྔ་བརྒྱ་དང་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་བརྒྱ་དང་གྱ་དྲུག་ལ་རྨས་ཕོག་ཡོད། དེའི་ནང་སྨན་བཅོས་མི་སྣ་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། སྨན་བཅོས་མི་སྣ་སོ་བརྒྱད་ལ་རྨས་ཕོག་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།