ཀྲུང་གོ་དང་ཡོ་རོབ་གླིང་། ཨ་མེ་རི་ཁ་བཅས་ཀྱི་རིག་མཛོད་མཉམ་ལས་གླེང་སྟེགས་ཕཱ་རེ་སི་ནས་སྤེལ།
2023.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

སང་ལོར་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་བསུ་བ་བྱེད་ཆེད། ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཅུའུ་ཡི་དེང་རབས་ཀྲུང་གོ་དང་འཛམ་གླིང་ཞིབ་འཇུག་ཁང་དང་ཀྲུང་གོ་དང་ཡོ་རོབ་གླིང་། ཨ་མེ་རི་ཁ་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་གྲོས་འདོན་སོགས་རིག་མཛོད་ལས་ཁུངས་ཀྱིས་ཚེས་བཅུ་གསུམ་ཉིན་ཧྥ་རན་སིའི་ཕཱ་རེ་སི་ནས་མཉམ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་། ཨ་མེ་རི་ཁ་བཅས་ཀྱི་རིག་མཛད་མཉམ་ལས་གླེང་སྟེགས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་ཕཱ་རེ་སིའི་གྲོས་མོལ་གཙོ་སྒྲུབ་བྱས།

ཐེངས་འདིའི་བྱ་འགུལ་གྱིས་དཔལ་ཡོན་བརྗེ་རེས་དཔེར་ལེན་ལ་ཤུགས་སྣོན་བྱས་ཏེ། ཞི་བདེ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་སྙིང་དུ་བྱས་ཡོད་ཅིང་། པེ་ཅིང་དང་ཕཱ་རེ་སིའི་ཨོ་ལིན་ཕིག་གྲོས་མོལ་ཏེ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་དང་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ལ་མཉམ་དུ་གྲོས་མོལ་བྱེདཔ་དང་། འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་འཕེལ་རྒྱས་ཏེ་ན་གཞོན་གྱིས་འགུལ་སྐྱོད་བྱེད་པ། འཛམ་གླིང་དཔལ་ཡོན་གྱི་སྣ་མང་རང་བཞིན་ལ་བརྩི་འཇོག་བྱས་ནས་དཔལ་ཡོན་དཀྱེལ་ཡངས་དང་དཔེར་ལེན་ལ་སྐུལ་འདེད་གཏོང་བ། དཔལ་ཡོན་གྲོས་མོལ་དང་དཔལ་འབྱོར་མཉམ་ལས་ཀྱིས་དེང་རབས་ཅན་གྱི་རེ་འདུན་གསར་བ་འབྲི་བཞེངས་བྱེད་པ་བཅས་བརྗོད་དོན་བཞིར་དམིགས་ནས་གླེང་སྟེགས་སྤེལ་བ་རེད།

ཀྲུང་གོའི་ཕྱི་ཕྱོགས་རིག་གནས་ཅུའུ་ཡི་ཅུའུ་ཀྲང་ཏུའུ་ཀྲན་ཡོན་དང་། ཧྥ་རན་སིའི་རྩ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། སྔོན་ཆད་ཀྱི་ཙུང་ལི་ཧྥ་པུས་ཡུག་སི་སོགས་བྱ་འགུལ་ལ་ཞུགས་ནས་ཞུ་ཚིག་ཕུལ། ཀྲུང་གོ་དང་ཧྥ་རན་སི། ཨ་མེ་རི་ཁ་བཅས་ཀྱི་ཆབ་སྲིད་ལས་རིགས་དང་། སློབ་གསོའི་ལས་རིགས། ལུས་རྩལ་ལས་རིགས། སྒྱུ་རྩལ་ལས་རིགས་བཅས་ཀྱི་མི་སྣ་དང་། ཀྲུང་གོ་དང་ཧྥ་རན་སིའི་རིག་མཛོད་ཀྱི་ཆེད་མཁས་པ་སོགས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཏུའུ་ཀྲན་ཡོན་གྱིས་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱར་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་མོ་འབྱུང་བཞིན་ཡོད་ཅིང་། འཛམ་གླིང་གི་གནས་བབ་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་སྔར་མེད་ཀྱི་འགྱུར་ལྡོག་འབྱུང་བཞིན་ཡོད་པས། ཀྲུང་གོ་དང་ཧྥ་རན་སིའི་དཔལ་ཡོན་གྲོས་མོལ་ལས་རྒྱལ་ཁབ་གཉིས་ལ་དམིགས་དགོས་པར་མ་ཟད། འཛམ་གླིང་ཧྲིལ་བོར་དམིགས་ནས། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་མ་འོངས་པར་དོ་སྣང་བྱེད་དགོས་ཟེར།

ཧྥ་པུས་ཡུག་སི་ཡིས་བསྟན་དོན། དེང་སྐབས་མིའི་རིགས་ཀྱི་སྤྱི་ཚོགས་དེ་སྔར་མེད་ཀྱི་འགྲན་རྩོད་ལ་འཕྲད་ཡོད་ཅིང་། བདེ་འཇགས་དང་དཔལ་འབྱོར། ཁོར་ཡུག ལག་རྩལ། མི་ཆོས་རིང་ལུགས་སོགས་ཐད་ཀྱི་ཉམས་ཉེན་མང་དུ་འབྱུང་བཞིན་ཡོད། ཀྲུང་གོ་དང་ཡོ་རོབ་གླིང་གི་རྒྱལ་ཁབ། ཨ་མེ་རི་ཁ། དེ་མིན་རྒྱལ་ཁབ་གཞན་པའི་བར་དུ་མཉམ་ལས་བྱས་ནས། ངེས་པ་དོན་གྱི་ཕྱོགས་མང་རིང་ལུགས་མངོན་འགྱུར་བྱེད་དགོས་ལ། སྤུས་ཚད་མཐོ་ཞིང་ཞི་བདེ་ཡི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར། ཧྥ་པུས་ཡུག་སི་ཡིས་བཤད་རྒྱུར། སང་ལོར་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་དགོས་པ་དང་། དེ་ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་དང་ཐ་ན་འཛམ་གླིང་ཡོངས་ལ་མཚོན་ལ་གལ་འགངས་ཧ་ཅང་ཆེ། ཧྥ་རན་སི་ཡིས་འཕེལ་རྒྱས་གྲུབ་འབྲས་ཆེན་པོ་བླངས་པའི་ཀྲུང་གོ་དེ་འཛམ་གླིང་རང་བཞིན་གྱི་གནད་དོན་དང་ཉམས་ཉེན་ཐག་གཅོད་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པ་མངོན་འགྱུར་བྱེད་པའི་གྲོགས་པོ་གལ་ཆེན་དུ་བརྩི་ངེས་ཡིན་ཟེར།

ཀྲུང་གོ་དང་ཡོ་རོབ་གླིང་། ཨ་མེ་རི་ཁ་བཅས་ཀྱི་འཛམ་གླིང་ཡོངས་ཀྱི་གྲོས་འགོ་འདོན་མཁན་ཀའོ་ཏཱ་ཝེ་ཡིས་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་རྒྱལ་ཁབ་གཉིས་ཀྱི་རིག་གནས་ཤུགས་རྐྱེན་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། ཐེངས་འདིའི་གླེང་སྟེགས་ལས་དཔལ་ཡོན་བར་གྱི་གྲོས་མོལ་གྱི་འཛམ་གླིང་ཡོངས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་འཛམ་གླིང་གི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་དོན་སྙིང་གལ་ཆེན་ནན་བཤད་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།